རང་ལྗོངས་ཀྱི་རྫོང་ཁག་གཅིག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་
ཀྱི་ཨུ་ཡོན་གྱིས་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོར་བརྟག་ཞིབ་བྱས་པ།
འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལས་གྲུབ་པའི་བརྟག་ཞིབ་ཚོགས་པ་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོར་བརྟག་ཞིབ་དང་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཞིག་སྤེལ་བ་དང་། མོན་མཁར་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀརྨ་དངོས་གྲུབ་ཀྱིས་རང་གྲོང་ཚོའི་མཉམ་ལས་ཁང་འཕེལ་རྒྱས་གཏོང་ཚུལ་སྐོར་སོགས་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་རེད།
བརྟག་ཞིབ་ཚོགས་པ་མོན་མཁར་རོང་གྲོང་ཚོའི་ཆེད་ལས་ཞིང་འཕྲུལ་མཉམ་ལས་ཁང་དུ་སྐྱོད་སྐབས་དེའི་ནང་གི་གོ་རིམ་ལྡན་པའི་འཆར་འགོད་བཀོད་སྒྲིག་དང་ཆ་ལག་ཚང་བའི་སྒྲིག་ཆས་ཀྱིས་ཡིད་ཀྱི་དབང་པོ་ཅིག་ཅར་འཕྲོག་ཅིང་། རླངས་འཁོར་སྣ་ཚོགས་གྲལ་འགྲིག་ལ་གོ་རིམ་ལྡན་པའི་སྒོ་ནས་བཞག་པ་དེ་ཐོག་ནས་ཞིང་ལས་ཐོན་སྐྱེད་སྐྱེལ་འདྲེན་གྱི་ལྷུ་ཚིགས་ཁྲོད་མཉམ་ལས་ཁང་གི་འགན་ལེན་འཐུས་སྒོ་ཚང་པོ་ཡོད་པ་མངོན་པ་དང་། སོན་བཟང་སྨན་ཐུམ་ཁང་གི་སྔོན་ཐོན་སྒྲིག་ཆས་ཀྱིས་ཞིང་ལས་ཚན་རྩལ་ལ་མཐོང་ཆེན་དང་བཀོལ་སྤྱོད་ཡག་པོ་བྱས་པ་མཚོན་པ། རྩམ་པ་ལས་སྣོན་གྱི་བརྒྱུད་རིམ་ཞིབ་ཅིང་ཕྲ་བ། ཞིང་འཕྲུལ་སྒྲིག་ཆས་སྣ་ཚོགས་ཆ་ཚང་བས་ས་ཞིང་རྨོ་འདེབས་ནས་བརྔ་བསྡུའི་བར་གང་དགོས་ཅི་འཛོམས་ཡོད་པ་དེ་ཐོག་ནས་མོན་མཁར་རོང་གྲོང་ཚོའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་པོ་ཡོད་པ་མཚོན་གྱི་ཡོད།
དེ་རྗེས་བརྟག་ཞིབ་ཚོགས་པས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དང་མུ་ཁར་བསྐྱོད་པ་དང་། ཧྲུའུ་ཅི་ཀརྨ་དངོས་གྲུབ་ཀྱིས་བརྟག་ཞིབ་རུ་ཁག་ལ་ས་བོན་འདེམས་སྟངས་དང་། ལག་རྩལ་གྱི་གཙོ་གནད། རྗེས་མཐུད་ཀྱི་ཞིབ་ཚགས་ཅན་གྱི་དོ་དམ་སོགས་འགག་རྩའི་ལྷུ་ཚིགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་མོན་མཁར་རོང་གྲོང་ཚོའི་ཞིང་ལས་འདེབས་འཛུགས་ཁྱབ་ཁོངས་ཀྱི་རྩེར་སོན་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་གསོན་ཉམས་དོད་པོས་ངོ་སྤྲོད་བྱས་པ་རེད། དེའི་རིང་ཧྲུའུ་ཅི་ཀརྨ་དངོས་གྲུབ་ཀྱིས་ད་དུང་མཉམ་ལས་ཁང་གི་འཁོར་སྐྱོད་བྱེད་སྟངས་ཁྱོན་ཡོངས་དང་ཞིབ་ཕྲ་ངོ་སྤྲོད་བྱས་པའི་ནང་རྩ་འཛུགས་ཀྱི་སྒྲོམ་གཞི་དང་། ཁྲོམ་ར་གསར་འབྱེད་ཀྱི་ཐབས་ཇུས། དེ་བཞིན་ཞིང་དུད་ཀྱི་ཁེ་ཕན་སྦྲེལ་མཐུད་བྱེད་སྟངས་སོགས་ཀྱི་ནང་དོན་ཚུད་ཡོད་པས་བརྟག་ཞིབ་ཚོགས་པར་དཔྱད་གཞིར་འཛིན་རིན་ཡོད་པ་དང་རིན་ཐང་ཆེན་པོ་ལྡན་པའི་གྲོང་གསེབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གི་སྟོན་མོ་ཞིག་བཤམས་ཡོད།