《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月09日

རང་ལྗོངས་ཀྱི་སྡེ་ཚན་མང་པོས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་རིམ་སྤེལ་བྱེད་སྒོ་ཏན་ཏིག་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་ལྗོངས་ཡོངས་སུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་བཏོད་ཡོད།

ལྷ་ས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོ་དང་དེ་བཞིན“བཅའ་ཁྲིམས་གཤམ་སྤེལ་དགུའི”བྱེད་སྒོར་བརྟེན་ནས། རྩ་ཁྲིམས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་དང་འབྲེལ་ལག་ལེན་ཡང་བསྟར་ཞིང་། གཞན་ཡང་ལྷ་ས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ད་དུང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་ཤིང་། ཚང་མས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་ནས་རྩ་ཁྲིམས་ལ་དད་གུས་དང་། གུས་སྐྲག དེ་བཞིན་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པའི་ཆོས་སེམས་བརྟན་པོ་བཅས་མཚོན་པར་བྱས་ཡོད། ཀྲི་པུའུ་ཁག་གིས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རྩ་ཁྲིམས་ཤེས་བྱའི་འགྲན་བསྡུར་བྱེད་པ། ཁྲིམས་ལུགས་རྐང་འཛིན་པ་སློབ་ཁྲིད་ལ་གདན་དྲངས་པ། དྲ་རྒྱ་ནས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་རྩ་ཁྲིམས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཡོད།

རྩ་ཁྲིམས་ཀྱི་ཤེས་བྱ་མང་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད། ལྷ་ས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ད་དུང་རྩ་ཁྲིམས་དྲིལ་བསྒྲགས་ཡན་ལག་རུ་ཁག་ཆུང་གྲས་བཙུགས་ནས་བཅའ་སྡོད་བྱ་ཡུལ་གྱི་ཚོང་དུད་དང་གནམ་ཐང་དུ་བསྐྱོད་ཅིང་། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་རིགས་སྔོན་འགོག་དང་། གློག་འཕྲིན་ཁ་བསླུས་རིགས་སྔོན་འགོག སློབ་གྲྭའི་བརྙས་བཅོས་རིགས་སྔོན་འགོག་སོགས་བཅའ་ཁྲིམས་ཀྱི་ཤེས་བྱ་ངོ་ཐུག་གདོང་འཕྲད་ཀྱིས་ཁྱབ་གདལ་བཏང་ཡོད། བྱེད་སྒོ་སྤེལ་རིང་རྩ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་ཁྱོན་60ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་30ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་ཡོད།

ཚེས་4ཉིན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མི་དམངས་ཁྲིམས་ཁང་གིས་རྣམ་པ་གསར་རྐྱང་གི་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ཁྲིམས་ཁང་གིས“ཕྲུ་གུ་ཚོར་ཁྲིམས་སྐྱོང་གི་འོད་སྣང་སྦྱིན”བརྗོད་དོན་གཙོ་བོར་བྱས་ཏེ། བྲག་གཡབ་རྫོང་སློབ་ཆུང་གཉིས་པའི་དགེ་སློབ་50ལྷག་ཙམ་ཁྲིམས་ཁང་དུ་གདན་དྲངས་ཡོད། “དབྱིངས་ཞུགས་རྣམ་པའི”ཐོག་ནས་ལྟ་སྐོར་དང“ཐད་འབྲེལ་རྣམ་པའི”ཐོག་ནས་འབྲེལ་གཏུག་བྱས་པ་བརྒྱུད་ཕྲུ་གུ་ཚོས་ཁྲིམས་སྐྱོང་གི་སྟོབས་ཤུགས་དངོས་སུ་ཚོར་ཐུབ་པར་བྱས་ནས་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་ཡོད། ཁྲིམས་ཁང་ལས་བྱེད་ཉེན་རྟོག་པའི་ཁྲིད་སྟོན་འོག་སློབ་མ་ཚོས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་། ཕྱོགས་བསྡུས་འདྲི་གཅོད་ཁྲིམས་ས། འདྲི་གཅོད་དོ་དམ་གཞུང་ལས་ཁང་སོགས་སྡེ་ཚན་ལ་ལྟ་སྐོར་བྱས་ཏེ། ཁྲིམས་ཁང་གི་ལས་ཀའི་བརྒྱུད་རིམ་དང་སྡེ་ཚན་ཁག་གི་འགན་འཁྲི་ཤེས་རྟོགས་བྱས་ཡོད། ལྷག་པར་དུ་ལག་བསྟར་ལས་དོན་ལྟེ་གནས་སུ་ལས་བྱེད་ཉེན་རྟོག་པ་ཚོས་ལག་བསྟར་ལས་དོན་སྐོར་གྱི་གཏམ་རྒྱུད་བཤད་པ་བརྒྱུད་ཕྲུ་གུ་ཚོར་ཁ་དན་ཚིག་གནས་དང་། ཏན་ཏན་ཏིག་ཏིག་གི་རིན་ཐང་ལྟ་བ་བརྒྱུད་བསྒྲགས་བྱས་ཡོད།

ཚེས་4ཉིན་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཁྲིམས་ལུགས་རུ་ཆེན་གྱིས་རྫོང་རིག་གནས་ཐང་ཆེན་དུ་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་མང་ཚོགས་མང་པོ་དེའི་ནང་ཞུགས་ཡོད། མི་དམངས་ཉེན་རྟོག་པ་ཚོས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། མང་ཚོགས་ལ་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་བཅའ་ཁྲིམས་སྐོར་གྱི་དོགས་གནད་བསལ་ཡོད། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་500ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་210ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་30ལྷག་ཙམ་གྱི་བཅའ་ཁྲིམས་སྐོར་གྱི་བློ་འདྲི་དང་ལེན་བྱས་ཡོད།

ཟླ་12ཚེས་4ཉིན་གམ་པ་རྫོང་གོག་ཚོ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་གོག་ཚོ་གྲོང་ཚོར“མཐའ་མཚམས་འགྲོ་འོང་གཞི་འཛིན་ཁྲིམས་ལུགས་ཡོད། འགྲོ་འོང་བྱེད་རིང་སྒྲིག་ཁྲིམས་ནན་གྱིས་སྲུང་། ཚང་མས་ཞི་མཐུན་མཉམ་དུ་སྲུང་སྐྱོང་བྱེད”བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་ཁྲིམས་དཔོན་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་འགྲེལ་བཤད་བརྒྱབ་པ་མ་ཟད།

དམངས་དོན་ཁྲིམས་དཔོན་གྱིས་ད་དུང་ཡུལ་མིར་བཅའ་ཁྲིམས་སྐོར་གྱི་དོགས་གནད་བསལ་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཁོང་ཚོར་ཐག་གཅོད་བསམ་ཕྱོགས་དང་གྲོས་འགོ་བཏོན་པ། དུད་ཚང་30ལྷག་ཙམ་གྱི་མི་ཐེངས་130ལྷག་ཙམ་དྲིལ་བསྒྲགས་སློབ་གསོར་ཞུགས་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)