འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་2024ལོའི་པུའུ་དོན་ཚོགས་འདུ་ཐེངས་16པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། འཕྲིན་ལན་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་སྐབས་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། འབྲེལ་ཡོད་གྲོས་གཞིར་ཞིབ་འཇུག་དང་གྲོས་ཞིབ་ཀྱང་བྱས་པ་རེད།
བསོད་ནམས་ཉི་མས། ལོ་མཇུག་ཏུ་སླེབས་ཉེར་ཡོད་པའི་དུས་སུ་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་། “རྣམ་དག་དང་། སྤྱོད་གཙང་། ཐེག་ཁུར”བཅས་ཀྱི་བླང་བྱ་ལག་ལེན་ནན་ཏན་བསྟར་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། འགལ་ཟླ་དང་གནད་དོན་ལ་ཁ་གཏད་ཐད་ཀར་གཅོག་པ། གནད་འཕིགས་ཇུས་འདོན་མཐའ་འཁྱོངས་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་དང་། ད་ལོའི་ལས་དོན་ཁག་ལེགས་གྲུབ་ཐུབ་པ་དང་ཕྱི་ལོའི་ལས་དོན་གྱི་འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)