《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月30日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང་ཡིག་འབུལ་ཞུ་བཅར་ལས་དོན་སོགས་གནས་ཚུལ་གྱི་སྙན་སེང་གསན་པ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བཅས་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་དང་མཁའ་མཆོང་དམག་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཀྱི“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”བློ་མཐུན་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་བྱས་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

མཐོ་སློབ་ཀྱི་སློབ་གཉེར་དང་སློབ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར་བཅས་བྱེད་དགོས། ལོ་མཇུག་ཏུ་སླེབས་ཉེར་ཡོད་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཆེ་དང་། གནད་འཁེལ། ཚན་རིག་དང་མཐུན་པ་བཅས་ཀྱི་རྩ་དོན་ལ་སྟངས་འཛིན་བྱས་ཏེ་ཕྱོགས་མང་དཔྱད་ཞིབ་དང་། དཔྱད་ཞིབ་བསྐྱར་ཟློས། འཁྲི་འགན་རིམ་སྣོན་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་མི་ཐོན་པར་བྱས་ནས། གཞི་རིམ་ལས་བྱེད་པར་མང་ཚོགས་ཁྲོད་བསྐྱོད་དེ་འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོང་བར་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། འགལ་ཟླ་དང་གནད་དོན་ལ་ཁ་གཏད་གཅོག་པ། གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བཅས་བྱས་ནས། ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བར་བྱས་ཏེ་ད་ལོའི་མཇུག་ཡག་པོ་བསྡུ་ཐུབ་པ་དང་སང་ལོའི་འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གནས་ཚུལ་སྙན་སེང་ཉན་པ། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།

ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་ལས་དོན་དང་བདེ་འཇགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས་ཡག་པོ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་རིམ་ཁག་ཏང་ཨུད་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མང་ཚོགས་གོང་བུར་འགྲིལ་བ་དང་ཞབས་འདེགས་ཞུ་བའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་གྱི་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་པ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན་ཞིབ་ཕྲ་དང་ཏན་ཏིག་སྒྲུབ་དགོས། མང་ཚོགས་ཀྱི་ཁེ་ཕན་གྱི་རེ་ཞུ་ཐག་གཅོད་ནན་ཏན་བྱེད་པར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ། ལས་ཀ་བྱེད་སྟངས་ལ་དོ་སྣང་བྱེད་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནས་བརྗེས་བསམ་གཞིག་བྱེད་མཁས་པོ་བྱེད་པ། ལྷག་བསམ་རྣམ་དག་ངང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ་ལེགས་སྒྲིག་ནན་ཏན་དང་གང་མགྱོགས་ཐག་གཅོད་བྱེད་པ་དང་། བསམ་ངན་བཅངས་ནས་འགྱངས་ཆད་བྱས་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ཏེ། ཁོང་ཚོར་དྲང་སྙོམས་དྲང་བདེན་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་དངོས་སུ་ཚོར་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་སྤྱི་པའི་བདེ་འཇགས་ནི་མི་དམངས་བདེ་སྡོད་ལས་བརྩོན་གྱི་འགན་ལེན་གལ་ཆེན་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ། འབྱུང་རྩ་ནས་སྔོན་འགོག་དང་། གྲལ་བཤེར་འདུམ་འགྲིག མཉམ་སྡེབ་གྲོས་མོལ་བཅས་ཀྱི“ལྷུ་ཚིགས་གསུམ”ལ་དམ་འཛིན་ཡག་པོ་བྱེད་པ་དང་། གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། གཙོ་གནད་ཚོགས་སྤྱིའི་སྔོན་འགོག་ཚོད་འཛིན། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བཅས་ཀྱི“འཇོན་ཐང་གསུམ”ཆེ་རུ་གཏོང་བ། སྟོབས་ཤུགས་སྣ་ཚོགས་མཐུན་སྦྱོར་དང་། གནད་དོན་ཁག་བགོས་འདུམ་འགྲིག འགན་འཁྲི་ལྡོག་བཤེར་བཅས་ཀྱི“ལམ་སྲོལ་གསུམ”འཛུགས་པ་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་སྦྱངས་པ་གོ་ཆོད་མཐའ་འཁྱོངས་དང་། ཉེན་བརྡ་རྒྱུན་སྒྲོག རྟག་ཏུ་དོགས་ཟོན། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་དགོས། རིམ་ཁག་ཏང་ཨུད་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་འགན་འཁྲི་གཙོ་བོ་འཁུར་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ། བདེ་འཇགས་འགོག་ཟོན་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་གནོད་འཚེ་ཐོན་མང་བ་དང་ཐོན་སླ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། གནོད་འཚེ་སྔོན་འགོག་གི་ལས་དོན་རང་འགུལ་ངང་ཡག་པོ་སྒྲུབ་པ། བདེ་འཇགས་ཀྱི་ཤེས་བྱ་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་བ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

(བསྟན་བློ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)