“2005ལོར་ང་བློ་མཐུན་ཁུང་ཧྥན་སེན་གྱི་དྲན་གསོ་ཁང་ལ་རྒྱུགས་འཕྲོད་ནས་ཆེད་ལས་གསལ་འགྲེལ་པ་ཞིག་ཏུ་གྱུར་བྱུང་། དུས་དེ་ནས་བཟུང་ང་རང་ཁུང་ཧྥན་སེན་ལ་སློབ་སྦྱོང་དང་། ཁུང་ཧྥན་སེན་འཚོལ་བ། ཁུང་ཧྥན་སེན་ལྟར་བརྩོན་ལེན་བཅས་ཀྱི་ལམ་བུར་བསྐྱོད་པ་ཡིན”ཞེས་ཟླ་11ཚེས་27ཉིན་ཧྲན་ཏུང་ལེའོ་ཁྲེང་ཁུང་ཧྥན་སེན་སྙིང་སྟོབས་ཀྱི་སློབ་ཁྲིད་རྟེན་གཞིའི་དགེ་རྒན་ཀྲོའུ་ཧུའེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད།
ཀྲོའུ་ཧུའེ་ཡིས་གསར་འགོད་པར“གང་ཞིག་ནི་ཁུང་ཧྥན་སེན་གྱི་བསམ་བློའི་གོ་རྟོགས་ཡིན་ནམ། དོགས་འཆར་དེར་དམིགས་ནས་ངས་ཁུང་ཧྥན་སེན་གྱི་གཉེན་ཉེ་དང་གྲོགས་པོར་བཅར་འདྲི་བྱས་པ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་2013ལོ་ནས་བཟུང་ང་དང་ལས་རོགས་ཚོས་ཁུང་ཧྥན་སེན་གྱི་གཉེན་ཉེ་དང་གྲོགས་པོ་300ལྷག་ཙམ་ལ་གཅིག་རྗེས་གཉིས་མཐུད་ངང་བཅར་འདྲི་བྱས་པ་ཡིན་ཞེས་བརྗོད།
“2016ལོར་ང་ཚོས་རླངས་འཁོར་བཏང་སྟེ་བོད་དུ་བསྐྱོད་པ་དང་། ས་བབ་རིམ་བཞིན་མཐོ་རུ་ཕྱིན་པ་ལས་གཟུགས་པོ་མི་འཕྲོད་པའི་ཚོར་སྣང་དང་སྐབས་དེ་དུས་ཁུང་ཧྥན་སེན་གྱིས་བརྒྱབ་པའི་དཀའ་ངལ་དག་མྱོང་ཚོར་བྱས་པ་ཡིན། དེ་གར་ང་ཚོར་ལི་མུའུ་སཱ་ཟེར་བའི་མཚོ་སྔོན་གྱི་ཁེ་ལས་མཁས་ཅན་ཞིག་འཕྲད་བྱུང་། ཁོང་གིས་ང་ཚོར། ཁོང་བོད་དུ་ཐོག་མར་སྐྱོད་སྐབས་གཟབ་གཟབ་མ་བྱས་པའི་རྐྱེན་ཁ་བསླུས་ཐེབས་ཏེ་ལྷ་ས་གྲོང་ཁྱེར་སྲིད་གཞུང་དུ་རོགས་རམ་ཐོབ་རྒྱུའི་རེ་ཞུ་བྱེད་པར་འགྲོ་སྐབས་ཁུང་ཧྥན་སེན་གྱིས་ཁོང་ལ་སྣེ་ལེན་ཞུས་པ་མ་ཟད། རྒྱུ་དངོས་དག་ཀྱང་ལེན་རོགས་གནང་བྱུང་། ད་ཆ་ལི་མུའུ་སཱ་ཡིས་ལོ་ལྟར་གམ་པ་རྫོང་གི་སློབ་གྲྭ་ཆེ་མོ་བར་རོགས་སྐྱོར་བྱས་ནས་སྐབས་དེ་དུས་ཁུང་ཧྥན་སེན་གྱིས་ཁོ་པར་རོགས་རམ་གནང་བར་དྲིན་ལན་འཇལ་ཆེད་ཡིན”ཞེས་ཀྲོའུ་ཧུའེ་ཡིས་བརྗོད།
བཅར་འདྲི་བྱ་ཡུལ་གྱི་མི་300ལྷག་ཙམ་ཚང་མའི་ལུས་ཐོག་ནས་ཁུང་ཧྥན་སེན་གྱི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཀྲོའུ་ཧུའེ་ཡིས“མི་ཚང་མས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་མི་གཞན་ལ་རོགས་རམ་བྱེད་པ་དེའང་ཁུང་ཧྥན་སེན་གྱིས་ཁོང་ཚོར་ཤུགས་རྐྱེན་བཟང་པོ་ཐེབས་པས་རེད། ང་ཚོས་གཏམ་རྒྱུད་དེ་དག་ཐོས་རིམ་བཞིན་ཁུང་ཧྥན་སེན་གྱི་སྙིང་སྟོབས་དེ་བས་མངོན་གསལ་དུ་འགྱུར་བའི་ཚོར་སྣང་ཡོང་གི་འདུག”ཅེས་བརྗོད།
ཀྲའུ་ཧུའེ་ཡི་ངོས་ནས་བརྗོད་ན། “ཁུང་ཧྥན་སེན་ལྟར་བརྩོན་ལེན་བྱ་རྒྱུ”ནི་ཁོ་མོའི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དད་སེམས་ཤིག་ཏུ་གྱུར་ཡོད། རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་དཀའ་ངལ་འཕྲད་སྐབས་ཁོང་གིས་རང་དབང་མེད་པར“གལ་ཏེ་ཁུང་ཧྥན་སེན་ལ་གནད་དོན་འདི་འདྲ་ཞིག་འཕྲད་ཚེ་ཁོང་གིས་ཇི་ལྟར་གནང་སྲིད་དམ”སྙམ་གྱི་ཡོད།
ད་ཆ་ཁུང་ཧྥན་སེན་གྱི་སྙིང་སྟོབས་ཀྱི་སློབ་ཁྲིད་རྟེན་གཞིའི་དགེ་རྒན་ཞིག་ཡིན་པའི་ཀྲོའུ་ཧུའེ་ཡི་ཐོབ་ཐང་གི“ཚད་བཀག”ལས་ཁོང་ལ་དཀའ་ངལ་མང་པོ་འཕྲད་མེད། “གསལ་འགྲེལ་པ་བྱེད་སྐབས་ངས་སེམས་ནུས་དེ་བས་མང་བ་ཁུང་ཧྥན་སེན་གྱི་བྱས་རྗེས་འཚོལ་བསྡུ་བྱ་རྒྱུར་འདོན་གྱི་ཡོད། དགེ་རྒན་བྱས་རྗེས། ངས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དེ་བས་མང་བ་སློབ་ཚན་ནང་སྤྱོད་ཀྱི་ཡོད་ལ། དཀའ་ངལ་འཕྲད་སྐབས་ངས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་ཀྱི་ཡོད། གཏན་འཁྱོངས་བྱ་རྒྱུ་ནི་ངས་ཡུན་རིང་ཁུང་ཧྥན་སེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་དང་གསལ་འགྲེལ་བྱས་པ་ལས་རག་པའི་བསམ་པའི་རྒྱུ་ནོར་ཞིག་ཡིན”ཞེས་ཀྲོའུ་ཧུའེ་ཡིས་བརྗོད།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)