《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月30日

གམ་པ་རྫོང་ལུང་རོང་ཤང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཟླ་ཆུང་གིས་བརྗོད་དོན།

“ཁོང་གིས་ཡུལ་འདིར་བཅངས་པའི་བརྩེ་སེམས་ཟབ་མོར་གངས་རི་ཡིས་དཔང་པོ་བྱེད་ཐུབ”

“ཁུང་ཧྥན་སེན་གྱི་སྐོར་གླེང་ཚེ། གམ་པའི་རྒན་རབས་ཚང་མས་ཧ་མི་གོ་བ་མེད”ཅེས་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གིས་གཉེར་བའི་ཁུང་ཧྥན་སེན་གྱིས་གམ་པ་རྫོང་ལ་རོགས་སྐྱོར་བྱས་ནས་ལོ་45འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་ལོ་77ལ་སླེབས་པའི་གམ་པ་རྫོང་ལུང་རོང་ཤང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཟླ་ཆུང་གིས་བཤད།

“ཧྲུའུ་ཅི་ཁུང་ཧྥན་སེན་ཐེངས་དང་པོ་མཇལ་དུས་ནི། ང་ཚོའི་འདིར་བརྟག་ཞིབ་གནང་བར་ཕེབས་སྐབས་ཡིན”ཞེས་ཟླ་ཆུང་གིས་ཐོག་མར་མཇལ་སྐབས་ནས་གླེང་འགོ་ཚུགས་ཤིང་། ཁོང་གིས“དེ་དུས་ཧྲུའུ་ཅི་ཁུང་ཧྥན་སེན་གྱིས་སྐུ་ལུས་ལ་གྱོན་པ་ལྗང་ཁུ་ཞིག་བཞེས་ཡོད་པ་དང་། འཕྲེད་དུ་དམག་སྤྱོད་ཀྱི་དམ་བི་ཞིག་བསྣམས་ལ། སྤྱན་ཟུང་ལས་མི་རྣམས་ལ་བྱམས་བརྩེ་ཆེ་བའི་ཚོར་སྣང་ཞིག་སྟེར”ཞེས་བཤད།

དེ་དུས་དར་རྒྱས་ཆུས་ནི་ས་མ་འབྲོག་ཡིན་པ་དང་། གཡས་རུ་གཙང་པོ་ནི་ཆུ་ཁུངས་གཅིག་པུ་དེ་ཡིན། གང་ལགས་ཤེ་ན། དེ་དུས་ཆུ་བེད་སྒྲིག་ཆས་མེད་པས་ཞིང་ཆུ་གཏོང་བར་གནམ་ཆུ་སྒུག་དགོས་པས་རེད་ལ། བཟའ་འབྲུའི་ཐོན་འབབ་ཀྱང་ཧ་ཅང་དམའ་པོ་རེད། ཟླ་ཆུང་གི་དྲན་འཆར་ལྟར་ན། ཁུང་ཧྥན་སེན་གྱིས་གནས་ཚུལ་དེ་མཁྱེན་སྐབས། ཡུལ་དངོས་ལ་གཞུང་ལས་སྒྲུབ་ནས་གནད་དོན་སེལ་རྒྱུའི་ཐུགས་ཐག་བཅད་ཅིང་། ཁུང་ཧྥན་སེན་གྱིས་སྣེ་ཁྲིད་པ་དང་། དར་རྒྱས་ཆུས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱས་ནས་ཆུ་ཡུར་ཐེབས་ཆག་ཅིག་སྐྲུན་པས་འཐུང་ཆུའི་དཀའ་ངལ་གང་མགྱོགས་ཐག་གཅོད་བྱུང་ཡོད།

ལྗང་པ་སྐྱེ་འཚར་ཡག་པོ་བྱུང་ནས་ཞིང་ཆུ་གཏོང་རན་པའི་སྐབས། ལོ་དེར་གམ་པ་རྫོང་ལ་ཐན་པ་ཆེན་པོ་བསྟན་ནས་དར་རྒྱས་ཆུས་ལ་ཞིང་ཆུ་གཏོང་དཀའ་བའི་གནས་ཚུལ་ཐོན།

“‘ཟླ་ཆུང་། ད་མུན་རུབ་ནས་ཆུ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས། ང་ཚོས་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཞིང་ཁར་ཆུ་གཏོང་བར་འགྲོ’ཞེས་ས་རུབ་རྗེས་ཧྲུའུ་ཅི་ཁུང་ཧྥན་སེན་གྱིས་འགྱིག་ལྷམ་བཞེས་པ་དང་། གོས་ཐུང་པུས་མོ་བར་བརྫེས་ནས་ཕྱག་ཏུ་གློག་བཞུ་ཐོགས་ཏེ་ཞིང་ཁར་ཕེབས་རྩིས་གནང་སྐབས་དེ་ལྟར་གསུངས་པ་དང་། ང་ཚོས་དུད་ཚང་རེ་རེ་ནས་མི་འབོད་དེ་ཁོང་གི་རྗེས་སུ་བསྐྱོད་ནས། མཚན་ཧྲིལ་པོར་ཞིང་ཁར་ཞིང་ཆུ་གཏོང་བར་ལུས་སོང”ཞེས་ཟླ་ཆུང་གིས་ཕྱིར་དྲན་བྱེད་བཞིན་དུ་བཤད།

“དེ་ནི་ཕུགས་ལ་ཕན་པའི་ཐབས་ཤེས་ཤིག་མིན་པས། སྣང་ཚུལ་འདི་རིགས་ལ་ངེས་པར་འགྱུར་ལྡོག་གཏོང་དགོས”ཞེས་ཁུང་ཧྥན་སེན་གྱིས་གྲོང་ཚོ་ཁག་གི་ཐོན་སྐྱེད་རུ་ཁག་གི་རུ་དཔོན་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ལ་ཆུ་བེད་འཆར་གཞིར་ཞིབ་འཇུག་གིས་ཞིང་ཁར་ཞིང་ཆུ་གཏོང་ཐུབ་པ་དགོས་ཚུལ་གསུངས། “ཆུ་གསོག་མང་ཉུང་ལ་ཞིབ་བཤེར་བྱ་ཆེད། ཧྲུའུ་ཅི་ཁུང་ཧྥན་སེང་གིས་རྟ་ཆིབས་གནང་ནས་མདུན་དུ་ཕེབས་པ་དང་། ང་ཚོ་ཁོང་གི་རྗེས་སུ་དལ་གྱིས་བསྐྱོད་་སྐབས། ཧྲུའུ་ཅི་ཁུང་ཧྥན་སེང་གིས་ཆུ་མཛོད་ནང་ཆུ་མེད་པ་གཟིགས་འཕྲལ་ལམ་སེང་ང་ཚོའི་ཕྱོགས་སུ་རྟ་ཁ་གཅུས་པས། རྟ་གློ་བུར་དུ་རྟ་འདྲོགས་ཏེ་ཧྲུའུ་ཅི་ཁུང་ཧྥན་སེང་རྟ་ཐོག་ནས་ལྷུངས་ནས་དྲན་མེད་དུ་འགྱེལ་སོང”ཞེས་ཟླ་ཆུང་གིས་གནས་ཚུལ་དེའི་སྐོར་གླེང་སྐབས་ད་དུང་དངངས་སྐྲག་བྱེད་ཀྱི་ཡོད། ཁོང་གིས“ང་ཚོས་ལམ་སེང་ཧྲུའུ་ཅི་ཁུང་ཧྥན་སེན་རྒྱབ་ཏུ་ཁུར་ནས་བཞུགས་གནས་སུ་བསྐྱལ་བ་དང་། ཁོང་གི་འཁྲིས་སུ་ཆེད་མི་བཞག་པ་མ་ཟད། ངས་རྟ་ཕོ་ལྕག་གིས་བསྐུལ་ཏེ་རྫོང་སྨན་ཁང་ནས་སྨན་པ་འབོད་པར་ཕྱིན་པ་ཡིན། མཇུག་ཏུ་ཧྲུའུ་ཅི་ཁུང་ཧྥན་སེང་རིམ་པ་གོང་མའི་སྨན་ཁང་ལ་བསྐྱལ་ཐུབ་ནས་ཁོང་གཤིན་རྗེའི་ཞགས་པ་ལས་ཐར་ཙམ་བྱུང་སོང”ཞེས་བཤད།

ཟླ་བ་འགའི་རྗེས། ཁུང་ཧྥན་སེན་སླར་ཡང་དར་རྒྱས་ཆུས་སུ་ཕེབས་པ་དང་། རྗེས་སུ་ཁོང་གིས་སྔར་བཞིན་རང་ཉིད་ཀྱི་འཚོ་བའི་མཁོ་ཆས་བསྣམས་ཕེབས་པ་དང་། ཐེར་གེར་བཞུགས་ཏེ་གྲང་རླུང་ཤང་ལ་གཤམ་སྐྱོད་དུ་ཕེབས།

2017ལོར་མ་དངུལ་སྒོར་དུང་ཕྱུར་3.19བཏང་བའི་ཕྱྭ་གཡང་ཆུ་མཛོད་བརྒྱབ་ནས་སྤྱོད་འགོ་ཚུགས་པ་དེས་ལུང་རོང་ཤང་གི་སྲིད་འཛིན་གྲོང་ཚོ་8ལ་ཕན་པ་ཐོབ་ནས་ཞིང་ཁར་ཞིང་ཆུ་གཏོང་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ནས་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད།

ད་ཆ་ཟླ་ཆུང་གཞི་རིམ་གྱི་སྒྲོག་འགྲེལ་བ་ཞིག་ཆགས་པ་དང་། ཡུལ་མིར་བོད་གསར་རྙིང་བསྡུར་བའི་འཕོ་འགྱུར་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་བརྗོད་བཞིན་ཡོད། ཟླ་ཆུང་གིས“གངས་རི་ཡིས་ཁོང་གིས་ཡུལ་འདིར་བརྩེ་སེམས་ཟབ་མོ་བཅངས་ལུགས་ལ་དཔང་པོ་བྱེད་ཐུབ་ལ། གཡས་རུ་གཙང་པོས་ཀྱང་ཁོང་གིས་འདི་གའི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་ལ་དཔང་པོའང་བྱེད་ཐུབ། ངས་གཞི་རིམ་དུ་ལས་ཀ་ལོ་25བྱེད་རིང་། ཧྲུའུ་ཅི་ཁུང་ཧྥན་སེན་མིག་དཔེར་བཟུང་ནས་ཁོང་དང་འདྲ་བའི་མི་བཟང་པོ་ཞིག་ཆགས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད”ཅེས་བཤད།

(པ་སངས་ཚེ་རིང་གིས་བསྒྱུར་ནས་ཞུས)