ལོ་ཙཱའི་བརྩམས་ཆོས་གང་ཞིག་ཡིན་རུང་། དེ་ལ་ཐོག་མའི་ལོ་ཙཱ་དང་། བར་གྱི་ཞུ་དག མཐའ་མའི་གཏན་འབེབས་བཅས་ལས་རིམ་གཙོ་བོ་གསུམ་བརྒྱུད་དགོས་པ་ཕུད། ད་དུང་ཞིབ་བསྡུར་དང་། པར་ཞུས། ཞུས་ཀློག་གསུམ་ཡང་རིམ་པ་བཞིན་བརྒྱུད་ཚེ། སྒྱུར་སྤུས་དག་དང་ཚད་ལྡན་ཞིག་ཡོང་བར་ཕན་པ་ཡོད། དེས་ན། སྒྱུར་སྤུས་དག་དང་ཚད་ལྡན་ཞིག་ཡོང་དགོས་ན། ལོ་ཙཱ་བ་ཚོས་གོང་གསལ་ལས་རིམ་དེ་དག་བརྒྱུད་པའི་རྨང་གཞིའི་འོག ད་དུང་ངེས་དགོས་པ་དང་ཡིད་གཟབ་བྱེད་དགོས་པའི་གནད་གང་དག་ཡོད་ཅེ་ན། འདིར་སྲིད་དོན་ཡིག་ཆའི་རྒྱ་བོད་ལོ་ཙཱའི་ཉམས་མྱོང་དང་འབྲེལ་ཏེ་གཙོ་བོ་ཕྱོགས་གསུམ་དུ་བསྡུས་ནས་གླེང་བར་བྱ།
དང་པོ། ལོ་ཙཱའི་བྱ་བར་མ་ཞུགས་གོང་གི་སྟ་གོན་དང་ལོ་ཙཱར་དངོས་སུ་འཇུག་སྐབས་དོ་སྣང་བྱེད་དགོས་པ།
ལོ་ཙཱའི་ལས་གང་ཞིག་ལ་འཇུག་ནའང་། ཐོག་མར་སྟ་གོན་གྱི་ལས་རིམ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། སྒྱུར་དངོས་གཞིའི་འགོ་མ་བརྩམས་གོང་དུ། སྒྱུར་དེ་ལེགས་འགྲུབ་ཡོང་ཕྱིར་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན། འདིར་སྲིད་དོན་ཡིག་ཆ་ལོ་ཙཱ་བྱེད་སྐབས་ཀྱི་སྟ་གོན་ལས་རིམ་དཔེར་དྲངས་ནས་བརྗོད་ན། སྲིད་དོན་ཡིག་ཆ་བསྒྱུར་བ་ལ་ཐོག་མར་མ་ཡིག་གང་དེའི་ནང་དོན་ཡང་དག་འཁྲུལ་བྲལ་ངང་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག ཡིག་ཆ་དེའི་ནང་གི་བརྡ་ཆད་གསར་པ་དང་བརྗོད་སྟངས་གསར་པ་ཡོད་དོ་ཅོག་ཚུར་བཏོན་ནས་ཡང་དག་པར་བསྒྱུར་ཏེ་གཏན་འབེབས་བྱེད་དགོས། ལས་རིམ་འདི་འཐུས་ཤོར་དུ་སོང་ཚེ། འགྱུར་ཡིག་གི་བརྡ་ཆད་གཅིག་གྱུར་མེད་པ་དང་བརྗོད་སྟངས་གོང་འོག་མི་མཐུན་པ་སོགས་གནད་དོན་ཅི་རིགས་འབྱུང་སྲིད་པས། སྒྱུར་གྱི་སྟ་གོན་ལས་རིམ་ཁྲོད་མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་ལེན་པའི་རྨང་གཞིའི་ཐོག བརྡ་ཆད་གསར་པ་དང་བརྗོད་སྟངས་གསར་པ་རྣམས་ཟུར་དུ་བཏོན་ནས་ཡང་དག་པར་བསྒྱུར་ཏེ་གཏན་འབེབས་བྱ་རྒྱུ་ནི་སྒྱུར་ལེགས་འགྲུབ་ཡོང་བའི་གནད་གལ་ཆེན་ཞིག་ཡིན། འདིར་ལོ་ཙཱའི་ལག་ལེན་དང་འབྲེལ་ནས་དཔེ་དྲངས་ན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུའི་དགོངས་དོན་མཚོན་པའི་ཡིག་ཆ་གཙོ་བོ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་སྙན་ཞུ་མཛད་པའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》(གཤམ་དུ《ཆོད་དོན》ཞེས་བསྡུ་རྒྱུ)ལྟ་བུ་ལ་མཚོན་ན། ཡིག་ཆ་གལ་ཆེན་འདི་ཉིད་དངོས་སུ་མ་བསྒྱུར་གོང་དུ། འདིའི་ནང་དུ་བྱུང་བའི་བརྡ་ཆད་གསར་པའམ་ཡང་ན་དེ་སྔ་ཡིག་ཆ་རེ་ཟུང་བྱུང་ཡང་གཅིག་གྱུར་གཏན་འཁེལ་མིན་པའི་བརྡ་ཆད་དག་ཚུར་བཏོན་ནས་གཏན་ལ་འབེབས་དགོས་པ་སྟེ། འདིའི་ནང་གི“首发经济、数智技术、生成式人工智能”སོགས་ཀྱིས་མཚོན་པའི་བརྡ་ཆད་གཙོ་བོ་འགའ་ལ་བོད་ཡིག་ཏུ་གཅིག་གྱུར་གཏན་འཁེལ་ཞིག་མེད་ཕྱིར། སྒྱུར་གྱི་སྟ་གོན་ལས་རིམ་དུ་ལོ་ཙཱ་བ་རྣམས་ཀྱིས་ཡང་ཡང་གྲོས་བསྡུར་བྱས་ཏེ་མཐར་རིམ་པ་བཞིན“ཐོག་སྤེལ་དཔལ་འབྱོར་དང་། རིག་གྲངས་ལག་རྩལ། བཟོ་གྲུབ་ཅན་གྱི་མིས་བཟོས་རིག་ནུས”ཞེས་པར་བསྒྱུར་ནས་གཏན་ལ་ཕབ་པ་ལྟ་བུའོ། འདི་ལྟར་སྟ་གོན་གྱི་ལས་རིམ་དུ་བརྡ་ཆད་གཙོ་བོ་དག་གཅིག་གྱུར་གཏན་འཁེལ་བྱས་ཚེ། སྒྱུར་ཞུས་ཀྱི་ལམ་རིམ་ཁྲོད་དཀའ་ཚེགས་ཆུང་བ་ཡིན།
གཉིས་པ། སྒྱུར་ཞུས་སྔ་ཕྱི་བར་གསུམ་གྱི་འགན་འཁྲི་གཙོ་བོ།
ལོ་ཙཱའི་བརྩམས་ཆོས་གང་ཞིག་ཡིན་རུང་། བསྒྱུར་བ་ཉིད་ནས་སྒྱུར་རྩེ་གྲ་ཞིག་འབྱུང་རྒྱུ་ཤིན་ཏུ་དཀའ་བས། སྒྱུར་ཞུས་སྔ་ཕྱི་བར་གསུམ་རིམ་པར་བརྒྱུད་ཚེ་ད་གཟོད་སྒྱུར་གྱི་སྤུས་ཀ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་ཡིན། འོན་ཏེ། ལོ་ཙཱའི་ལག་ལེན་ཁྲོད་འགྱུར་ཡིག་ལ་ཞུ་དག་གཏོང་བའི་གོ་རིམ་ཚད་ལྡན་མེད་པའམ་ལས་རིམ་སོ་སོའི་ལས་འགན་མི་གསལ་བ་སོགས་ཀྱི་གནད་དོན་རྒྱུན་དུ་འབྱུང་བཞིན་ཡོད། འདིར་རང་ཉིད་ཀྱི་ལོ་ཙཱའི་ཉམས་མྱོང་དང་འབྲེལ་ནས་སྲིད་དོན་ཡིག་ཆའི་སྒྱུར་ཞུས་སྔ་ཕྱི་བར་གསུམ་གྱི་ལས་རིམ་དཔེར་དྲངས་ནས་བརྗོད་ན། སྒྱུར་ཞུས་ཐོག་མ་བྱེད་སྐབས། གཙོ་བོ་འགྱུར་ཡིག་དེར་ནོར་སྐྱོན་དང་ཆད་སྐྱོན་ཡོད་མེད་དང་། སུམ་རྟགས་དག་གསུམ་གྱི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་མིན། བརྡ་ཆད་དང་བརྗོད་སྟངས་གསར་པ་ཡང་དག་པར་གཏན་འབེབས་བྱས་ཡོད་མེད། གྲངས་ཀ་དང་དཔེ་རིས་ཡོད་ཚེ་མ་ཡིག་དང་གཅིག་མཚུངས་ཡིན་མིན་བཅས་ཀྱི་ཐད་ནས་ཞུ་དག་བྱེད་དགོས། སྒྱུར་ཞུས་བར་མའི་སྐབས་སུ། སྒྱུར་ཞུས་ཐོག་མ་བྱས་ཟིན་པའི་འགྱུར་ཡིག་དེའི་བརྡ་ཆད་དང་། བརྗོད་པ། དུམ་མཚམས་བཅས་བྱེ་བྲག་ནས་སྤྱི་དང་། མིང་རྐྱང་ནས་ཚིག་ཚོགས་བར་རིམ་པ་བཞིན་ཞུ་དག་བྱས་ཏེ། གཙོ་བོ་འགྱུར་ཡིག་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བ་དང་། ཁ་གསལ་གོ་བདེ་ཡོང་བར་འབད་དགོས། སྒྱུར་ཞུས་མཐའ་མའི་སྐབས་སུ། འགྱུར་ཡིག་ཧྲིལ་པོའི་རྩོམ་ཉམས་འདོན་སྟངས་ལ་གཙོ་བོར་དམིགས་ཏེ། དོན་ཚན་ཆེ་ཆུང་བར་དང་། ལེའུ་དང་ས་བཅད་སྔ་ཕྱིའི་བར་གྱི་གཏན་ཚིགས་འབྲེལ་བ་སོགས་མ་ཡིག་ཇི་བཞིན་དུ་འཐོན་པར་འབད་དགོས་ལ། དེ་མིན་འགྱུར་ཡིག་ཧྲིལ་པོའི་ནང་དོན་ཆ་ཚང་མིན་དང་། པར་སྒྲིག་ཚད་ལྡན་ཡིན་མིན་སོགས་ལ་ཞིབ་བཤེར་བྱས་ཏེ་མཐའ་ཞུས་ལེགས་པར་གཏོང་དགོས། མདོར་ན། སྒྱུར་ཞུས་ལེགས་པོ་ཞིག་གཏོང་རྒྱུ་ནི་འགྱུར་རྩེ་གྲ་ཡོང་བའི་ཆེས་གནད་འགག་གི་ལས་རིམ་དེ་ཡིན་པས། སྒྱུར་ཞུས་སྔ་ཕྱི་བར་གསུམ་གྱི་ལས་འགན་ཞིབ་གསལ་གྱི་སྒོ་ནས་གཏན་ལ་ཕབ་སྟེ་ལེགས་པར་བསྒྲུབ་རྒྱུ་དང་། སྒྱུར་གྱི་དཀའ་གནད་ཀྱི་ཚད་གཞིར་གཞིགས་ནས་ལོ་ཙཱ་བ་རྒན་གཞོན་རྣམས་ལས་རིམ་མི་འདྲ་བར་ཞུགས་པར་སྐུལ་སློང་བྱ་རྒྱུ། འགྱུར་ཞུས་སྔ་ཕྱི་བར་གསུམ་གྱི་ལས་རིམ་ཁྲོད་འཕྲད་པའི་གནད་དོན་དག་དུས་ཐོག་ཏུ་གྲོས་བསྡུར་གྱིས་ཐག་གཅོད་བྱ་རྒྱུ་བཅས་ནི་ཧ་ཅང་གལ་ཆེ་བའོ།
གསུམ་པ། ཞིབ་བསྡུར་དང་པར་ཞུས་ཞུས་ཀློག་སྐབས་ཀྱི་དོ་སྣང་བྱ་ཡུལ།
ཚད་ལྡན་གྱི་སྲིད་དོན་ཡིག་ཆའི་འགྱུར་ཡིག་ལ་མཚོན་ན། ལོ་ཙཱ་དང་ཞུ་དག་གི་ལས་རིམ་ཁོ་ན་རྫོགས་པ་ཙམ་གྱིས་མི་ཆོག་ལ། སྒྱུར་ཞུས་མཐའ་མ་བྱས་ཚར་རྗེས། ལོ་ཙཱའི་ལས་ཐོགས་པའི་ཁྲོད་ཀྱི་མཆན་བུ་ལོ་ཙཱ་བ་དག་ལ་ཞིབ་བསྡུར་བྱེད་དུ་འཇུག་དགོས། ཞིབ་བསྡུར་གྱི་ལས་རིམ་ཁྲོད་གཙོ་བོ་མ་ཡིག་དང་བུ་ཡིག་གཉིས་ཀ་རེ་རེ་བཞིན་བསྡུར་ནས་ཆད་ལྷག་དང་ནོར་འཁྲུལ་ཤོར་ཡོད་མེད་ལ་བལྟ་དགོས། དེར་མ་ཟད་འགྱུར་ཡིག་ཁྲོད་ཀྱི་ས་བཅད་དགར་སྟངས་དང་དཔེ་རིས་སོགས་མ་ཡིག་དང་གཅིག་མཚུངས་ཡིན་མིན་ལའང་གཤིབ་བསྡུར་བྱེད་དགོས། བར་ཞུས་ནི་འགྱུར་ཡིག་གི་སྤུས་ཀ་ལེགས་སུ་དང་ཚད་ལྡན་དུ་གཏོང་བར་མེད་དུ་མི་རུང་བའི་ལོ་ཙཱའི་ལས་རིམ་ཞིག་ཡིན། གཙོ་བོ་སྒྱུར་ཞུས་སྔ་ཕྱི་བར་གསུམ་བྱས་པའི་འགྱུར་ཡིག་གང་དེར་ཡིག་ནོར་དང་བརྡ་སྤྲོད་ཀྱི་གནད་དོན་ཡོད་མེད་དང་། ཡིག་གཟུགས་དང་དཔེ་རིས་ཆེ་ཆུང་འཚམ་མིན། མཆན་དང་ཟུར་བཀོད་ཡིག་ཆ་སོགས་ཡོད་ཚེ་དེ་དག་ཆ་ཚང་དང་སྒྲིག་རིམ་ཚད་ལྡན་ཡིན་མིན། དཀར་ཆག་དང་ཤོག་གྲངས་ཆད་ལྷག་ཤོར་ཡོད་མེད་བཅས་ལ་ཞུ་དག་བྱས་ཏེ། གནད་དོན་ཡོད་ཚེ་དེ་འབྲེལ་གྱི་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་བྲིས་ནས་མཐའ་མའི་ཞུས་ཀློག་མཁན་ལ་སྤྲོད་དགོས། ཞུས་ཀློག་ནི་བསྒྱུར་བྱ་གང་ཞིག་བསྒྱུར་ནས་གཏན་ལ་འབེབས་པའི་ལོ་ཙཱའི་ལས་རིམ་མཐའ་མ་དེ་ཡིན་ལ། སྤྱིར་བཏང་ཞུས་ཆེན་ལོ་ཙཱ་བས་ལས་འདི་སྒྲུབ་དགོས་ཀྱི་ཡོད། ཞུས་ཀློག་གི་གོ་རིམ་ཁྲོད་འགྱུར་ཡིག་གི་སྤྱིའི་སྤུས་ཀ་དང་། ཆབ་སྲིད་སོགས་ཀྱི་གནད་དོན་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱེད་དགོས་ལ། འགྱུར་ཡིག་གང་དེར་གནད་དོན་ཅི་མཆིས་ཀྱང་འགན་འཁྲི་ལོ་ཙཱ་བའམ་སྒྱུར་ཞུས་མཐའ་མ་བགྱིད་མཁན་དང་གྲོས་མོལ་གྱིས་ཐག་གཅོད་དགོས། དཔེར་ན། གོང་དུ་དྲངས་པའི་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་འདུའི་ཡིག་ཆ་གཙོ་བོ《ཆོད་དོན》ལ་ཞུས་ཀློག་བྱེད་སྐབས། 《ཆོད་དོན》གྱི་ཁ་བྱང“中共中央关于进一步深化改革、推进中国式现代化的决定”ལ། “ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན”ཞེས་པ་དང་། “ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན”ཞེས་སྒྱུར་མི་འདྲ་བ་གཉིས་བྱུང་འདུག་ལ། མ་ཡིག་གི་ཚིག་ངོས་ནས་གོ་བ་ལེན་དུས། ཚིག་རྐང་སྔ་ཕྱིའི་བར་དུ་ཚེག་ཆུང(顿号)བཞག་ཡོད་པས། བོད་ཡིག་ཏུ་སྒྱུར་སྐབས་བར་དུ“དང་སྒྲ”སྦྱར་ན་འགྲིག་སྙམ་མོད། ཀྲུང་དབྱང་རྩོམ་སྒྱུར་ཅུས་དང་ཕྱི་ཡིག་ཅུས་སོགས་ཀྱི་འབྲེལ་ཡོད་ཆེད་མཁས་ལ་བཀའ་འདྲི་ཞུ་སྐབས། ཁ་བྱང་གི་ཚིག་སྔ་ཕྱི་གཉིས་ཀ་རིམ་འཕར་འབྲེལ་བ(递进关系)སྟེ་བོད་ཀྱི་བརྡ་སྤྲོད་ལྟར་ན་སྔ་ཕྱི་མཚམས་སྦྱོར་འབྲེལ་བ་ལྟར་བསྒྱུར་ན་ལེགས་ཚུལ་གྱི་དགོངས་འཆར་བཏོན་པས། མཐར“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན”ཞེས་བསྒྱུར་ནས་གཏན་ལ་ཕབ་ཡོད།
མདོར་ན། ད་ལྟའི་སྲིད་དོན་ཡིག་ཆའི་རྒྱ་བོད་ལོ་ཙཱའི་གནས་བབ་ལ་མཚོན་ན། ལོ་ཙཱའི་འགྱུར་ཡིག་དང་ལྷག་པར་དུ་སྲིད་དོན་ཡིག་ཆའི་འགྱུར་ཡིག་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་ཐད་གནད་དོན་མི་ཉུང་བ་ཞིག་མཆིས་ཤིང་། དེ་དག་ལས་ཆེས་འབུར་དུ་ཐོན་པ་ནི་བརྡ་ཆད་གཅིག་གྱུར་མེད་པ་དང་། ཚིག་སྦྱོར་སྤེལ་སྟངས་ལ་ཡུལ་སྐད་ཀྱི་ཤན་ཆེ་བ། ཕན་ཚུན་ལ་མིག་ལྟོས་མེད་པ་བཅས་ཡིན་པས། ཚང་མས་དེ་དག་ལ་དོ་སྣང་བགྱིས་ཏེ་མི་རིགས་སྐད་ཡིག་ལོ་ཙཱའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་གང་ཡོད་འདོན་དགོས། (ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ལྷ་མགོན)