འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཞིང་ལས་དངུལ་ཁང་གིས་མི་རིགས་མཐའ་མཚམས་ས་ཁུལ་གྱི་རྒྱང་ཁྲིད་དངུལ་རྩའི་ཞབས་འདེགས་ཞུ་བར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་བོད་ཀྱི་ཞིང་འབྲོག་པའི་དགོས་མཁོ་དང་བསྟུན་ནས་ལས་དོན་བསྒྲུབས་ཏེ། ཞིང་པས་དངུལ་བུན་གཡར་སྐབས་བོད་སྐད་ཐོག་ནས་གླེང་མོལ་བྱེད་པའི་ཞབས་ཞུ་ཉེ་དུས་ལྗོངས་ཡོངས་སུ་སྤེལ་འགོ་ཚུགས་པ་རེད།
ཞིང་ལས་དངུལ་ཁང་དུ་ཞིང་པས་དངུལ་གཡར་སྐབས་བོད་སྐད་ནས་གླེང་མོལ་བྱེད་པའི་ཞབས་ཞུ་ནི་ཚོང་ཤག་ཅིང་ལིའི་སྒུལ་བདེའི་སྒྲིག་ཆས་བེད་སྤྱད་དེ་ཞིང་པར་དངུལ་བུན་མ་གཡར་གོང་བརྙན་ལམ་ནས་བརྟག་དཔྱད་བྱེད་པའི་ཞབས་ཞུ་ཞིག་ཡིན་ཞིང་། ཞིང་ལས་དངུལ་ཁང་རྒྱང་ཁྲིད་དངུལ་ཁང་ལྟེ་གནས་དང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མཉམ་དུ་ལག་ལེན་བསྟར་བ་ཞིག་རེད། ཞབས་ཞུ་དེས་ད་དུང་ཡུལ་ལུང་གི་ཁྱད་ཆོས་གཞིར་བཟུང་། དབུས་གཙང་སྐད་དང་། ཁམས་སྐད། ཨ་མདོའི་སྐད་བཅས་བཀོད་སྒྲིག་བྱས་ཏེ་གོ་བརྡ་འཕྲོད་པའི་འགན་ལེན་བྱེད་ཀྱི་ཡོད།