《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月27日

ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྱིས“ལས་སྒྲུབ”གཙོ་བོར་འཛིན་པ་དང“དངོས་སྒྲུབ”རྨང་གཞིར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས།

ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ དར་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ནི་ནོར་བུ་ས་གྲོང་རྡལ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞི་རིམ་ལས་བྱེད་པས་མཚོ་སྣ་རྫོང་དུ་བསྐྱོད་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཐད་ཀྱི་ལས་ཀའི་ཉམས་མྱོང་སློབ་སྦྱོང་བྱེད་བཞིན་པ།

གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ལེགས་འདེམས་ཧྲག་སྒྲིག་དང་གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་དང་གྲབས་གསོག་མཐའ་འཁྱོངས་བྱས་པས་དམའ་འབྲིང་ཡན་གྱི་སློབ་རྒྱུས་ལྡན་པ་100%ཟིན་ཡོད་ལ། སྣ་མང་ཅན་གྱི་འབབ་འཕར་མ་ལག་བསྐྲུན་ནས་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་162ཐག་ཉེ་སར་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་630ལྷག་ཙམ་བྱུང་ཞིང་། འགལ་བ་དང་རྩོད་གཞིའི་གྲལ་བཤེར་ཆེན་པོ་དང་འདུམ་འགྲིག་ཆེན་པོའི་བྱེད་སྒོ་སྤེལ་ནས་འདུམ་འགྲིག་བྱེད་ཚད་100%ཟིན་པ་རེད། ཁོངས་གཏོགས་ཁུལ་གྱི་གྱང་གོག་དང་ཁང་པ་གོག་ཧྲུལ་46དང་། གང་བྱུང་དུ་འཛུཌ་སྐྲུན་དང་ཅ་ལག་སྤུངས་པའི་རིགས་27བཤིག་ནས་མང་ཚོགས་མི་ཐེངས་1200ལྷག་ཙམ་ལ་ཕན་པ་ཐོབ་ལ། གྲོང་ཚོའི་རྣམ་པ་ཡང་དེར་བསྟུན་ལེགས་སུ་ནུས་ལྡན་ཕྱིན་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྱིས“ལས་སྒྲུབ”གཙོ་བོར་འཛིན་པ་དང“དངོས་སྒྲུབ”རྨང་གཞིར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“ཁྲི་སྟོང་འདུ་འགོད”ཀྱི་དཔེ་མཚོན་མིག་དཔེ་སྐྱེད་སྲིང་འཛུགས་གཏོད་ཁ་ཕྱོགས་སུ་བྱེད་པ་དང་།“གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན”དམིགས་ཚད་དུ་བྱེད་པ། “ཏང་འཛུགས་སྐྱོང་+”ཡི་རྣམ་པ་འཚོལ་ཞིབ་དང་གསར་གཏོད། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་གྱི་ཕན་འབྲས་ཟབ་ཏུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་དང་། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཤང(གྲོང་རྡལ)ཁག་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)ཁག་དང་པོ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ནས་གྲོང་དར་དམངས་ཕྱུག་གི་རྣམ་པ་གསར་པ་ཞིག་བཏོད།

རྨང་རྩ་གཉིས་བརྟན་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུཌ་རབ་ཏུ་འཕེལ་བ།

ནོར་བུ་ས་གྲོང་རྡལ་གྱིས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་འགག་རྩར་བརྩིས་ནས་མཐའ་འཁྱོངས་ཀྱིས“ཏང་འཛུགས་སྐྱོང་ལས་དོན་གྱི་གཅིག་སྡུད་མཛུབ་ཁྲིད་ཉིན་མོའི”ལམ་ལུགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་རྨང་གཞིའི་ལས་དོན་བརྟན་དུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་གསུམ་འཕེལ་རྒྱས་འཆར་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

“གྲོས་དོན་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་ཨུ་ཡོན་ལྷན་ཁང་དང་། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ལ་བརྟེན་ནས། གཟའ་ཕུར་བུའི་གཅིག་སྡུད་སློབ་སྦྱོང་གི་འཆར་ཅན་ཚོགས་འདུ་དང་ཀྲི་པུའི་སློབ་ཁང་སོགས་ཀྱི་ལམ་ལུགས་གཏན་འབེབས་དང་མཐའ་འཁྱོངས་བྱས་ཏེ་བསམ་བློའི“སྲོག་ཤིང”བརྟན་དུ་ཏན་ཏིག་བཏང་ཡོད།

གཞན་ཡང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་པ་དང་གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་པ“གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི”རྨང་རྩ་གཉིས་བརྟན་གྱི་བྱ་ཐབས་ཤིག་ཏུ་བརྩིས་ནས་གྲོང་ཚོའི་ལས་བྱེད་པ་4དྲག་འདེམས་ཧྲག་སྒྲིག་དང་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་20གསོ་སྐྱོང་། ཕྱུག་འགྱུར་འཇོན་ཐང་ཅན་དང་། དམག་ཞབས་ཐིམ་པའི་དམག་མི། སློབ་ཆེན་ཐོན་པའི་སློབ་མ་སོགས་ཀྱི་ཁྲོད་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རྗེས་གྲབས་འོས་མི་4གཙོ་གནད་དུ་གཏན་འཁེལ་བྱས་པ་རེད། གྲོང་ཚོའི་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་ཐུབཔའི་བསྡུར་ཚད་ཆེས་ཆེར་འཕར་ཡོད། གླ་ཕོགས་ལམ་སྲོལ་གསར་གཏོད་བྱས་ཏེ་གླ་ཕོགས་འཕར་བ་ལས་གྲོང་ཚོའི་ལས་བྱེད་པའི་ལས་ཕྱོད་མཐོར་གཏོང་གི་ནུས་ཕྱོད་སྔར་བས་མཐོ་རུ་ཕྱིན་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་གྲོང་ཚོའི་ལས་བྱེད་པ་6ལ་2023ལོའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་བྱ་དགའི་དངུལ་སྒོར་ཁྲི་6བགོ་བཤའ་བརྒྱབ་ནས་ཁོང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད།

སྒྱུར་བཅོས་ལ་བརྟེན་ནས་ཐོན་ལས་སྟོབས་ཆེར་བཏང་སྟེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཡངས་སུ་ཕྱིན་པ།

ནོར་བུ་ས་གྲོང་རྡལ་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་བསམ་བློའི་འཇུར་མིག་བསལ་ཞིང་། “ཏང་ཀྲི་པུའུ་དང་ས་སྒྲོལ་དཔལ་འབྱོར་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་དང་། སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་གང་འགབ་ཅི་སྤྱོད། ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་པས། བེད་མེད་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་བའི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོར་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་འཕྲུལ་ཆས་ཆེ་གྲས་ཉོ་སྒྲུབ་བྱས་ནས་ས་གནས་དེ་གའི་འོད་ཤུགས་རྣམ་གྲངས་དང་གཏེར་རིའི་ཁེ་ལས་ལ་ཡུན་རིང་བོགས་མར་བཏང་བར། ལོ་རེའི་བོགས་གཏོང་ཡོང་འབབ་སྒོར་ཁྲི་33ལྷག་ཙམ་ཟིན་པ་དང་། མི་4ཡུལ་དེ་རང་དུ་ལས་ཞུགས་ཐུབ་ནས་མི་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི་3ཡན་ཟིན་ཡོད། བོད་ཕག་གསོ་ཚགས་དང་རི་མཐོའི་འབྲི་གཡག་གསོ་ཚགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་བར་བསྡོམས་ཡོང་འབབ་སྒོར་ཁྲི་43.5བྱུང་སྟེ་སྒོར་ཁྲི་20བགོ་འགྲེམས་བརྒྱབ་ཅིང་། མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་1481བྱུང་ཡོད། 2023ལོར་གྲོང་རྡལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ཟིན་ཞིང་། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.4ཟིན་ཡོད།

གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་སྔར་བས་ལེཌ་སུ་ཕྱིན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དེ་བས་སྡོད་མལ་ལ་འཚམ་པ།

ནོར་བུ་ས་གྲོང་རྡལ་གྱིས་གཞི་རིམ་ཏང་རྩ་འཛུགས་ལྟེ་བར་བཟུང་ནས་མཐའ་འཁྱོངས་ཀྱིས་གྲོང་རྡལ་ཏང་ཨུད་དང་། གྲོང་ཚོའི་ཏང་ཀྲི་པུའུ། དྲ་མིག་ལས་དོན་པ་བཅས་གཙོ་བོར་བྱེད་པའི་རིམ་གསུམ་དྲ་མིག་གི་འགན་འཁྲིའི་དམ་འཛིན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། སྐར་གསོག་ལམ་ལུགས་ཀྱི་ལས་དོན་ཁྱབ་གདལ་བཏང་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཏང་ཡོན་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་བྱས་ཡོད། དེ་དང་ཆབས་ཅིག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)གཞི་རྟེན་དུ་བྱས་ནས་གཅེས་སེམས་ཞབས་ཞུ་དང་སྲིད་ཇུས་སྒྲོག་འགྲེལ་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་དང་མི་བཟང་ལས་བཟང་དཔྱད་འདེམས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད།

མིག་སྔའི་བར། འགལ་བ་དང་རྩོད་གཞིར་གྲལ་བཤེར་ཆེན་པོ་དང་འདུམ་འགྲིག་ཆེན་པོའི་བྱེད་སྒོ་ཐེངས་7སྒྲིག་འཛུགས་བྱས་ནས་སྤེལ་ཏེ། འགལ་བ་དང་རྩོད་གཞི་16འདུམ་འགྲིག་བྱས་པ་དང་། མང་ཚོགས་ཀྱི་སྐྱེལ་འདྲེན་གླ་ཆ་སྒོར་ཁྲི་6ལྷག་ཙམ་དང་ཕྱུགས་རིགས་ཀྱི་ཁ་གསབ་དངུལ་སྒོར་ཁྲི་1.4མཐུན་སྦྱོར་ཐག་གཅོད་བྱས་པ་དང་འབྲེལ་ཚུར་བླངས་ཡོད། མང་ཚོགས་ཉེ་འགྲམ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་12ཐག་གཅོད་བྱས་པ་དང་། དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་36སྤེལ་བ། དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ཐེངས་120ལྷག་ཙམ་བྱས་པ། དྲིལ་བསྒྲགས་དཔྱད་ཡིག་600ལྷག་ཙམ་སྤྲད་པ། ཏང་ཡོན་གྱི་འགན་ལེན་གསུམ་དང་། སྣེ་ཁྲིད་ལྔ། སྐུལ་འདེད་ལྔ་བཅས་ཀྱི་བྱེད་སྒོ་སྤེལ་ནས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ལ་བྱ་བ་དངོས་ཁག་21བསྒྲུབས་པ་དང་འཚམས་འདྲིའི་དངུལ་སྒོར་ཁྲི་2.7ལྷག་ཙམ་སྤྲད་པར། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་བྱུང་བ་རེད།