འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། “འཛམ་གླིང་དང་སྦྲེལ་མཐུད་བྱེད། མ་འོངས་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་11ཚེས་26ཉིན་པེ་ཅིང་ཀྲུང་གོའི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཧྲུན་དབྱི་འགྲེམས་ཁང་དུ་འགོ་ཚུགས་པ་དང་། རང་ལྗོངས་ཀྱིས“སྲིད་གཞུང་ཚོགས་པ་དང་། འགྲེམས་ཚོང་ཚོགས་པ། ཚོང་འགུགས་ཚོགས་པ་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་སྐབས་འདིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ལ་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཐོག་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་འཁོར་འབྲེལ་དང་། ནུས་རྒྱུ་གཙང་མའི་འཁོར་འབྲེལ། ལྗང་མདོག་ཞིང་ལས་གྱི་འཁོར་འབྲེལ། རིག་ནུས་རླངས་འཁོར་གྱི་འཁོར་འབྲེལ། གྲངས་འཛིན་ཚན་རྩལ་གྱི་འཁོར་འབྲེལ། བདེ་ཐང་འཚོ་བའི་འཁོར་འབྲེལ་བཅས་འཁོར་འབྲེལ་ཆེན་པོ་དྲུག་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ཞབས་ཞུའི་འགྲེམས་ཁུལ་བཀོད་སྒྲིག་བྱས་ཡོད་པ་རེད། བོད་ཀྱི་འཐུས་མི་ཚོགས་པས་བོད་ཀྱི་ཁྱད་ལྡན་ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་ཕྲེང་སྦྲེལ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་བོད་ཀྱི་གསོ་བ་རིག་པ་དང་། ཞིང་འབྲོག་ཐོན་རྫས། སྤོས། འབྲི་གཡག་གི་ཁུ་ལུ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་11འགྲེམས་སྟོན་ནང་ཞུགས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་རྩེ་གྲ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།