ཕ་ཡུལ་ནི་གླེགས་བམ་མཐུག་པོ་ཞིག་སྟེ།
ནར་སོན་གྱི་ལོ་ཟླ་རེ་རེ་ཁོག་ཏུ་སྦྲུམ་ཡོད།
ཕ་ཡུལ་ནི་དཀར་གཙང་གི་ཤོག་ལྷེ་ཞིག་སྟེ།
དགའ་སྐྱོའི་མེ་ཏོག་སྣ་ཚོགས་རི་མོར་འགོད་ཆོག
ཕ་ཡུལ་ནི། ཤེས་རིག་གི་ཐང་ཆེན་འགྲིམ་སའི་གནས་ཡུལ་ཐོག་མ།
འདོད་རྒུ་མ་ལུས་སྩོལ་མཁན་གྱི་རྩེད་ར་དྲོན་མོ།
ཕ་ཡུལ་ན། ཕ་མས་གནང་བའི་དྲོ་སྐྱིད་ཀྱི་ཁང་ཁྱིམ་ཆུང་ཆུང་དེ་ཡོད་ལ།
ཁང་ཁྱིམ་ཆུང་ཆུང་དེ་ལས་མཆེད་པའི་བདེ་སྐྱིད་ཀྱི་དགོད་སྒྲའང་ཡོད།
ཕ་ཡུལ་ན། དབྱངས་གསལ་གྱི་གདངས་དབྱངས་ངག་ལ་གྱེར་བའི་སློབ་མ་ཡོད་ལ།
སྐྱིད་སྡུག་གཅིག་པའི་ན་མཉམ་གྱི་དཔུང་གྲོགས་ཀྱང་ཡོད།
གཞན་ད་དུང་།
ཕ་ཡུལ་ན། ཡབ་ཆེན་གྱི་གྱི་ལིང་རྟ་ཕོའི་བང་རྩལ་འགྲན་ས་དང་།
ཡུམ་ཆེན་གྱི་འབྲི་མོ་ཐོད་དཀར་མའང་ཡོད།
ཕ་ཡུལ་ཞེས་པ་ནི།
སྙིང་ཁོང་དུ་ཟུག་པའི་ཐ་སྙད་དྲོན་མོ་ཞིག་སྟེ།
ལེ་དབར་སྟོང་ཕྲག་གིས་བཅད་པའི་གོ་ལའི་ལྗོངས་འདི་ནས།
ངས་རྒྱུས་མངའ་ཡོད་པའི་ལུག་ཁྱུའི་འབའ་སྒྲར་རྣ་བ་བླགས་ཆོག་ལ།
ཕ་མའི་བྱམས་བརྩེའི་འཛུམ་མདངས་ལ་མྱོང་རོལ་བྱས་ཆོག་པས།
ཕ་ཡུལ་ནི་ངའི་དོན་ལྔ་སྣོད་དྲུག་གི་དྲན་ཤིང་དང་།
ནམ་ཡང་གླེང་མི་ཚར་བའི་གཏམ་རྒྱུད་ཉག་ཅིག་ལགས།