《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月24日

༄༅་། གཏམ་རྒྱུད་ཁག་གཉིས་།

མདུང་དང་ཕུབ།

གནའ་སྔ་མོ་མི་ཞིག་གིས་ལག་གཡས་སུ་མདུང་གཅིག་དང་། ལག་གཡོན་དུ་ཕུབ་གཅིག་འཁྱེར་ཏེ་ཁྲོམ་ལ་འཚོང་དུ་ཕྱིན། ཁོས་ལག་གཡས་པས་མདུང་ཡར་འཕྱར་ཏེ། ང་ཡི་མདུང་འདི་ཧ་ཅང་རྣོ་བས། ཕུབ་གང་འདྲ་ཞིག་ཡོད་ཀྱང་འབིགས་མི་ཐུབ་པ་མེད་ཅེས་བཤད་པ་དང་། དེ་ནས་ཡང་ཁོས་ལག་གཡོན་མས་ཕུབ་དེ་ཡར་འཕྱར་ཏེ། ང་ཡི་ཕུབ་འདི་ཤིན་ཏུ་མཁྲེགས་པས། མདུང་རྣོན་པོ་གང་འདྲ་ཞིག་ཡོད་ཀྱང་འབིགས་མི་ཐུབ་ཅེས་འུད་ཤོབ་བཤད། སྐབས་དེར་མི་ཞིག་གིས། འོ་ན་ཁྱོད་ཀྱི་མདུང་དེ་ཁྱོད་ཀྱི་ཕུབ་ལ་བཙུགས་ན་གང་འདྲ་འདུག་ཅེས་དྲིས་པས། ཁོ་ཅི་ཡང་བཤད་རྒྱུ་མེད་པར་གྱུར་ཏོ།།

དྲིལ་བུ་རྐུ་བ།

སྔར་མི་ཞིག་ཡོད་པ་དེས་གཞན་གྱི་སྒོ་ལ་དྲིལ་བུ་ཞིག་བཏགས་ཡོད་པ་མཐོང་ནས་དེ་བརྐུ་དགོས་སྙམ། འོན་ཀྱང་། ཁོས་ལག་པ་དྲིལ་བུར་ཐུག་ན་སྒྲ་གྲགས་པ་ཤེས་ཀྱི་ཡོད། ཁོའི་བསམ་པར་སྒྲ་ནི་རྣ་བས་ཐོས་ཀྱི་ཡོད་པས། གལ་ཏེ་རྣ་བ་བཀབ་ན་སྒྲ་ཐོས་མི་ཐུབ་སྙམ་ནས་རང་ཉིད་ཀྱི་རྣ་བ་བཀབ་སྟེ་ལག་པས་དྲིལ་བུར་ཐུག་མ་ཐག་དྲིལ་བུའི་སྒྲ་མི་གཞན་གྱིས་གསལ་ལྷང་ངེར་ཐོས་ཏེ་ཁོ་དེ་མ་ཉིད་དུ་གཞན་གྱི་ལག་འོག་ཏུ་ཚུད་པའོ།།