འཛམ་གླིང་ས་ཡི་གཙུག་རྒྱན་གངས་ཅན་གྱི་ཡུལ་ན། །
འབྱུང་བཞིའི་སྣོད་བཅུད་ཡོངས་རྫོགས་ལྷན་སྐྱེས་ཀྱི་ཡུལ་གྲུ། །
མི་སེམས་དབང་མེད་འགུག་པའི་རྫོགས་ལྡན་གྱི་ཕ་ས། །
ཅོལ་ཆུང་རྨོངས་གཉིད་གསོད་པའི་དྲིལ་བརྡ་རུ་སྩོལ་མཛོད། །
དམངས་ཕན་བདུད་རྩིར་འཁུ་བའི་ཚིག་སྦྱོར་གྱིས་དབུལ་ཞིང་། །
ཕུལ་བྱུང་གཟུགས་བརྙན་བཞེངས་པའི་རྩོམ་རྩལ་དེ་མེད་ཀྱང་། །
ངོ་མཚར་ཁྱད་འཕགས་རང་བྱུང་མཛེས་ཆོས་དེ་དྲན་ཚེ། །
ཕྱི་ནང་སྣོད་བཅུད་ཡོད་རྒུ་སྨྱུག་རྩེ་ནས་བཞེངས་འདོད། །
ཕྱོགས་བཞིའི་ས་འཛིན་འཆི་མེད་དགའ་ཚལ་ལ་སྙེག་ཅིང་། །
འཛིན་མའི་ཕང་བར་དལ་འགྲོའི་བཞུར་སྒྲ་དེ་སྙན་པ། །
འཁྲི་ཤིང་ནགས་ཚལ་རླུང་གིས་ནེམ་ནེམ་དུ་གཡོ་དུས། །
ཀྱུར་ཀྱུར་བྱེའུ་ཆུང་གསུང་དབྱངས་ཐོས་འཛིན་གྱི་བུ་རམ། །
སྨུག་སྤྲིན་ལྷོག་ལྷོག་ལྷུན་པོའི་བང་རིམ་དུ་རྒྱུ་ཞིང་། །
ཁང་བཟང་སྟར་ཕྲེང་གཞལ་ཡས་ཁང་ཆེན་ལ་འགྲན་པ། །
གཞུང་ལམ་ཕྲ་མོ་ལྟོ་འགྲོའི་གཟུགས་བརྙན་ལ་དོ་བའི། །
གནས་མཆོག་སུམ་རྩེན་གཉིས་པ་ང་སེམས་ཀྱི་ཕ་ཡུལ། །
འཆམ་མཐུན་གཞན་གཅེས་ཞི་བདེའི་མཐུན་རྐྱེན་དུ་སྒོམ་བཞིན། །
ད་ལྟའི་ངལ་བ་རྗེས་ཀྱི་བདེ་སྐྱིད་ལ་འཛིན་པ། །
དཀའ་སྤྱད་ལས་བརྩོན་ཆེ་བའི་ཕ་ཡུལ་གྱི་མང་ཚོགས། །
ང་ཡི་ཡིད་མཁར་བཞད་པའི་མཛེས་སྡུག་གི་མེ་ཏོག །
སུག་བཞིའི་དུད་འགྲོ་ཨ་སྔོན་རྒྱུ་སྐར་ལ་འགྲན་ཞིང་། །
འབྱམས་ཀླས་རྩྭ་ཐང་འབའ་སྐད་ངུར་སྒྲ་ཡིས་ཁེངས་དུས། །
དུས་བཞིའི་འཚོ་བ་ཕྱུགས་ལས་ཁོ་ན་ལ་ཞེན་པའི། །
འབྲོག་པའི་གུར་ཁང་དགའ་སྤྲོའི་གླུ་སྒྲ་ཡིས་ཁེངས་སོང་། །
སྟོན་རླུང་སིལ་སིལ་ལྡང་བའི་གསེར་མདོག་གི་ཞིང་ཐང་། །
སྙེ་མའི་ཁུར་གྱིས་དུད་པའི་ཉམས་སྣང་དེ་མཐོང་ཚེ། །
ཡུན་རིང་རེ་ཞིང་སྒུག་པའི་སོ་ནམ་པ་ཡི་ཚོགས། །
འཛུམ་ཞལ་པད་མོ་རྒྱས་པའི་ངང་ཚུལ་དེ་མཚར་ཨང་། །
འཛུགས་སྐྲུན་བྱ་གཞག་དབྱར་མཚོའི་རྦ་རླབས་ལ་འགྲན་ཞིང་། །
འཚོ་བའི་མཐུན་རྐྱེན་གཅིག་ལས་གཅིག་ལྷག་ཏུ་འཕེལ་ཕྱིར། །
བར་གསེང་ཁོམ་པ་ཡོད་ཚད་ཞོར་ལས་ལ་བྲེལ་ཏེ། །
དངུལ་སྨར་གསོག་པར་ངལ་དུབ་འོ་བརྒྱལ་ཞིག་མི་འདུག །
རྫོགས་ལྡན་རྣམ་པ་གསར་པའི་ཕྱུག་འགྱུར་གྱི་ལམ་བུར། །
རྒྱལ་ཁའི་བཞིན་མདངས་འཛུམ་བཞིན་མདུན་ཕྱོགས་སུ་སྙེག་དུས། །
རང་སེམས་དགའ་བདེས་མྱོས་ཏེ་བསྟོད་ཚིག་གི་མེ་ཏོག །
དཀར་གཙང་ཤོག་བུའི་ངོས་སུ་འབེབས་པ་རང་ཐལ་སོང་། །