《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

གཞི་རིམ་ནི་ལས་དོན་མཐའ་དག་གི་དོན་ལ་བབས་ས་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་9པར་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཞི་རིམ་བཅོས་སྐྱོང་དང་སྤྱི་ཚོགས་བདེ་འཇགས་དེ་བས་ཏན་ཏིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། རྨང་གཞི་བརྟན་པོ་མེད་ཚེ་ས་གཡོ་རི་འགུལ་བྱེད། གཞི་རིམ་སྟོབས་ཆེན་བྱུང་ན་རྒྱལ་ཁབ་སྟོབས་ཆེན་ཡོང་བ་དང་། གཞི་རིམ་བདེ་འཇགས་བྱུང་ན་གནམ་འོག་བདེ་འཇགས་ཡོང་ཐུབ། རྒྱལ་ཁབ་བཅོས་སྐྱོང་གི་མཇུག་སྣེ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་སྣེ་ཡིན་པའི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དེ་སྲིད་སྐྱོང་གི་རྨང་གཞི་དང་། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དང་འབྲེལ་བ་ཡོད།

གཞི་རིམ་ནི་ཏང་གི་སྲིད་སྐྱོང་གི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་དམ་འཛིན་ལྷོད་མེད་དང་ཡུན་རིང་དམ་འཛིན་གྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་། བརྟག་དཔྱད་ཞིབ་འཇུག ཡིག་འབུལ་ཞུ་བཅར་དང་སྣེ་ལེན། ས་གནས་ས་ཐོག་ཏུ་གཞུང་ལས་སྒྲུབ་པ་བཅས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་གཞུང་ལས་སྒྲུབ་པ། མང་ཚོགས་དང་ལངས་ཕྱོགས་གཅིག་གྱུར་བྱེད་པ། སེམས་རྩ་འཁོལ་པོས་ཞིབ་ཕྲའི་དོན་དག་སྒྲུབ་པ། རང་རྟོགས་ངང་མང་ཚོགས་ཀྱི་ཕྱོཌ་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་། ཐབས་ཇུས་འདོན་པ། ལས་དོན་སྒྲུབ་པ་བཅས་བྱས་ཏེ། མང་ཚོཌ་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བར་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པའི་མཐའ་མཇུག་གི་དམིགས་ཡུལ་ནི་མང་ཚོགས་ལ་ཕན་པ་དངོས་ཐོབ་ཏུ་འཇུག་རྒྱུ་དེ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་ནན་ཏན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ། གཞི་རིམ་དུ་བརྟག་ཞིབ་དང་འཚམས་འདྲིའི་སྐབས་སུ་མི་སེར་གྱི་ཁྱིམ་དུ་དངོས་སུ་བསྐྱོད་ནས་ཁོང་ཚོའི་འཚོ་བའི་ཆུ་ཚད་གང་འདྲ་ཡོད་མེད་ལྟ་བ་དང་། ཁོང་ཚོ་དང་མཉམ་དུ་འགྲོ་སོང་དང་ཡོང་འབབ་ག་ཚོད་ཡོད་མེད་རྩིས་རྒྱག་པ། དཀའ་ངལ་ག་རེ་ཡོད་མེད་འདྲི་བ་བཅས་བྱས་ནས་དམངས་འཚོར་ཕན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་སྔར་བས་མང་བ་སྤྱད་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་འགྲོ་བ་དང་། སྔར་བས་འགན་ལེན་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱེད་དགོས།

གཞི་རིམ་སྡེ་ཁུལ་གྱི་ལས་དོན་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། སྲིད་གཞུང་ཁོ་ནར་བརྟེན་ན་སྒྲུབ་མི་ཐུབ་ལ་སྒྲུབ་ཀྱང་ཡག་པོ་ཡོང་མི་ཐུབ་པས། ངེས་པར་དུ་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ནུས་པ་གང་ལེགས་འདོན་པ་དང་སྤྱི་ཚོགས་ཡོངས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་བཀོད་པ་འཛུགས་པ་དང་། མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་སྐུལ་སློང་བྱེད་པའི་ལམ་སྲོལ་གསར་གཏོད་བྱེད་པ། གཞི་རིམ་བཅོས་སྐྱོང་ཐད་རང་གཅུན་དང་གཞན་གཅུན་དང་། གཏན་འཇགས་དང་བབ་བསྟུན། ལུས་སེམས་བཅོས་སྐྱོང་། མི་ཤུགས་དང་ཚན་རྩལ་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་གཙང་སྒྲུབ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་ཞིག་ཆགས་པར་བྱེད་དགོས།

གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་དང་འབྲེལ་བ་ཆེན་པོ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་ཚང་མས་གཞི་རིམ་ལ་མཐོང་ཆེན་དང་། གཞི་རིམ་ལ་སེམས་ཁུར། གཞི་རིམ་ལ་རྒྱབ་སྐྱོར་བཅས་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལས་ཀའི་སྟོན་ཕྱོགས་གསལ་པོ་འཛུགས་པ། ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་འཁོར་སྐྱོད་ལམ་སྲོལ་དང་། མི་སྣའི་དཔུང་ཁག ཞབས་ཞུའི་ནུས་པ་སོགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་སྔར་ལས་མང་བ་གཞི་རིམ་ལ་ཕྱོགས་པ་བཅས་བྱས་ཏེ་གཞི་རིམ་གྱི་ལས་དོན་གཞི་རིམ་དུ་སྒྲུབ་པ་དང་། གཞི་རིམ་གྱི་དབང་ཆ་གཞི་རིམ་ལ་སྤྲོད་པ། གཞི་རིམ་གྱི་ལས་དོན་སྒྲུབ་མཁན་ཡོད་པ་བཅས་ལ་འགན་ལེན་བྱས་ཏེ། སྒྱུར་བཅོས་བྱ་ཐབས་གཞི་རིམ་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་གཞི་རིམ་དངོས་འབྲེལ་སྟོབས་ཆེར་གཏོང་དགོས།

(བསྟན་བློ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)