གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་སྐྱོད་སྐབས། གུ་ཡངས་ཤིང་དཀར་ཆ་དོད་པའི་ཚོམས་ཆེན་དང་ཁམས་གཙང་ཞིང་གྲལ་སྟར་འགྲིག་པའི་བྱེད་ནུས་ཁང་མིག་ལམ་དུ་གསལ་ལེར་མངོན་འོང་ཞིང་། རྒན་རྒོན་ཚོ་རུབ་རུབ་བྱས་ནས་རོལ་རྩེད་དམ་ཡང་ན་ལུས་སྦྱོང་ཡོ་ཆས་སྤྱད་དེ་གཟུགས་པོར་སྦྱོང་བརྡར་བྱས་ཏེ། ཚང་མའི་ངོ་གདོང་ལ་དགའ་སྤྲོའི་རྣམ་པས་ཁེངས་ཡོད།
བསམ་གྲུབ་རྩེ་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ནི་འདི་ལོའི་ཟླ་བདུན་པར་ལས་གཉེར་བྱེད་འགོ་ཚུགས་ཤིང་། དེ་ནི་བསམ་གྲུབ་རྩེ་ཆུས་དམངས་སྲིད་ཅུས་ཀྱིས“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་སྤྱི་ཚོགས་རྩ་འཛུཌ་ལ་ཞབས་འདེགས་ཉོ་སྒྲུབ་ཀྱི་རྣམ་པར་བརྟེན་ནས། སྤྱི་ཚོགས་རྩ་འཛུགས་དམངས་འཚོའི་བྱ་གཞག་ནང་ཞུགས་སུ་བཅུག་སྟེ་རྒན་རྒོན་ཚོར་མཁོ་འདོན་བྱེད་པའི་སྤྲོ་སྣང་དང་སྐྱིད་སྣང་ལྡན་པའི་བྱེད་སྒོ་སྤེལ་ཡུལ་ཞིག་རེད།
ཉིན་དགུང་ལ། ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་ཟ་ཁང་དུ་སྐྱོད་སྐབས་མ་བྱན་གྱིས་ཚལ་བཟོ་བ་དང་། རྒན་རྒོན་འགའ་མཉམ་དུ་བག་ཐུག་བཟོ་བཞིན་པ་མཐོང་བྱུང་། རྒན་མོ་ཕུར་བུ་སྒྲོལ་མས“ང་ཚོ་འདི་གར་ཧ་ཅང་དགའ་པོ་ཡོད། ལས་ཀ་ཚང་མ་ལས་དོན་པར་བརྟེན་ན་མ་འགྲིག་པས། ང་ཚོས་ལག་པ་འགུལ་བ་དེས་གཅིག་ནས་གཟུགས་པོར་སྦྱོང་བརྡར་ཐེབས་ལ། གཉིས་ནས་ལས་དོན་པར་རོགས་པ་ཐུབ་ཀྱི་འདུག་པས། ལས་ཀ་འདི་འདྲ་བྱེད་འདོད་ཡོད”ཅེས་བཤད།
“ཉིན་མོའི་ལྟ་རྟོག་ལྟེ་གནས་སུ། མ་བྱན་གྱིས་རྒན་རྒོན་ཚོའི་བཟའ་བཏུང་གི་གོམས་གཤིས་ལ་གཞིགས་ཏེ། ཚན་རིག་དང་མཐུན་པའི་ངང་ཚལ་སྣེ་ཁ་ཁ་ཤས་བཟོས་ནས་དགུང་ཟས་ལ་འཚོ་བཅུད་བསྣན་ཡོད། དེའང་ཁ་ལག་གཙོ་བོ་ནི་གྲོ་ཞིབ་དང་། འབྲས། པའོ་ཙི་སོགས་རྒྱུན་གཏན་གྱི་ཟས་ཡིན་པ་མ་ཟད། དེ་དག་ཚྭ་ཉུང་ཉུང་དང་འཇུ་སླ་པོ་ཡོད་པས། རྒན་རྒོན་ཚོ་བློ་བདེ་པོ་ཡོད་པ་མ་ཟད། བཟང་རྒྱུར་ཡང་དགའ་པོ་བྱེད་ཀྱི་འདུག”ཅེས་བསམ་གྲུབ་རྩེ་ཆུས་ཀྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་འགན་འཁུར་བ་བསྟན་འཛིན་ནོར་བུས་ངོ་སྤྲོད་བྱས།
ཁ་རག་སྡེ་ཁུལ་གྱི་ཉི་མ་ཕན་ཐོགས་ནི་འདི་ལོ་ལོ་68ལ་སླེབས་ཤིང་། ཁོང་ནི་ཁྱིམ་ལ་གློ་བུར་དུ་ལས་ཀ་དོན་ན་མ་གཏོཌ་རྒྱུན་དུ་ལྟེ་གནས་ཁང་ལ་ཡོང་གི་རེད། “ད་ཆ་ཚ་བོ་ཚ་མོ་སློབ་གྲྭར་ཕྱིན་པ་དང་ཕྲུ་གུ་ཚོ་ཡང་རང་རེའི་ལས་ལ་བྲེལ་བཞིན་ཡོད་པས། རང་ཉིད་ཉིན་ལྟར་ནང་ལས་ཙག་ཙིག་ཕུད་དེ་མིན་ལས་ཀ་གཞན་མེད། ལག་ཐོགས་ཁ་པར་ལ་མགོ་འཁོར་དྲགས་ན་གཟུཌ་པོར་ཡང་གནོད་ཀྱི་འདུག དེ་ལས་འདིར་ཡོང་ན་ཧ་ཅང་སྐྱིད་པ་འདུག”ཁོང་གིས་ཅེས་བཤད།
གོམ་སྟབས་རྗེས་མར། ང་ཚོས་རྒན་རྒོན་ཚོའི་བསམ་འཆར་དང་དགོས་མཁོར་གཞིགས་ནས་ཞབས་ཞུའི་ནང་དོན་དང་ཞབས་འདེགས་ཞུ་སྟངས་ཡག་ཏུ་གཏོང་རྒྱུ་མ་ཟད། བདེ་ཐང་གི་འཆད་ཁྲིད་དང་། སྲིད་ཇུས་སྒྲོག་འགྲེལ། རིག་རྩལ་བྱེད་སྒོ་སོགས་སྒྲིག་འཛུགས་བྱས་ནས། རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་དེ་བས་སྐྱིད་པ་དང་ལྡན་པར་བྱེད་ཀྱི་ཡིན་ཞེས་བསྟན་འཛིན་ནོར་བུས་བཤད།