《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

མི་རིགས་མཐུན་སྒྲིལ་ཟབ། ཁྱིམ་ཚང་གཅིག་ལྟར་བརྩེ།

——འབྲོང་པ་རྫོང་ཧོར་པ་ཤང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

ཉེ་བའི་ལོ་ཤས་རིང་འབྲོང་པ་རྫོང་ཧོར་པ་ཤང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་གཙོ་རྐང་དུ་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་འཐབ་སར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་དང་། གཏིང་ཟབ། རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གསོན་ཤུགས་ཀྱིས་ཁེངས་པ་དང་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

སྣ་མང་མཉམ་འདྲེས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

ཧོར་པ་ཤང་ནི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་རྫོང་ཁོངས་སུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་མི་རིགས་མང་པོ་འཚོ་སྡོད་བྱེད་པས་འབྲོང་པ་རྫོང་མི་རིགས་ལས་དོན་གྱི་ལས་འགན་ལྕི་ཙམ་གྱི་ཤང་གྲོང་གི་གྲས་ཤིག་རེད།

ཧོར་པ་ཤང་དམངས་སྲོལ་རིག་གནས་ཉམས་ལེན་ཁང་དུ་སྐྱོད་སྐབས། ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བས་དེ་གར་ངལ་གསོས་ནས་བོད་རིགས་ཀྱི་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་པ་དང་། ནང་མི་དང་ཁ་པར་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པ། ལམ་བར་ནས་བརྒྱབ་པའི་བརྙན་པར་གྱི་བརྩམས་ཆོས་ཁྱུག་དབྱིངས་སུ་བསྐུར་བ་བཅས་བྱས་ཏེ་བོད་དུ་ཡུལ་སྐོར་བྱས་པའི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་མུ་མཐུད་ཟབ་ཏུ་གཏོང་ཆེད། འབྲོང་པ་རྫོང་ཧོར་པ་ཤང་གིས“ལྟེ་བ་གཅིག་དང་སྤུས་རྟགས་གཅིག་དང་། གནས་གཅིག་དང་བཀྲག་མདངས་འཚེར་ས་གཅིག ས་ཚིགས་གཅིག་དང་ཁྱད་ཆོས་གཅིག”བཅས་ཀྱི་ཤེས་དཔལ་ལག་ལེན་བྱེད་ཐབས་ལ་དམིགས་ཏེ་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་ཧོར་པ་ཤང་བཀྲ་ཚེ་གྲོང་ཚོར་དམངས་སྲོལ་རིག་གནས་མྱོང་རོལ་ཁང་བཙུགས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་རེད།

ཐབས་ལམ་རྒྱ་ཆེར་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་པར་བྱས་པ།

ཧོར་པ་ཤང་གིས“ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས“སེ་འབྲུ་དམར་པོའི་གསར་བརྗེའི་ཞབས་ཞུའི་ས་ཚིགས”འཛུགས་སྐྲུན་ཚད་ལྡན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ་འགག་རྩར་བྱེད་པ་དང་ནུས་པ་འདོན་སྤེལ་རྩ་བར་འཛིན་པའི“སེ་འབྲུ་དམར་པོའི་གསར་བརྗེའི་ཞབས་ཞུའི་ས་ཚིགས”འཚོལ་ཞིབ་བྱས་ནས་གཏོད་པ། ས་ཚིགས་སུ་མཁོ་བའི་འཚོ་བའི་མཁོ་ཆས་དང་མི་རིགས་མཐུན་སྒྲིལ་ཆེ་མོའི་དྲིལ་བསྒྲགས་དཔྱད་ཡིག་བཀོད་སྒྲིག་བྱེད་པ། རང་བྱུང་གི་ཆ་རྐྱེན་དང་གཏིང་ཟབ་པའི་མི་རིགས་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས། མི་རིགས་མཐུན་སྒྲིལ་འགྲེམས་ཁང་དང་སྦྲ་གུར་ནག་པོའི་གྲོང་ཚོའི་ལོ་རྒྱུས་ཁང་སོགས་ཀྱི་ཡུལ་སྐོར་མྱོང་རོལ་གྱི་གཞི་རྟེན་བཏོད་དེ་ཡུལ་སྐོར་བས་དམངས་སྲོལ་རིག་གནས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་རྩལ། ཁྱད་ལྡན་ཞིམ་ཟས་བཅས་ཉམས་ལེན་ཐུབ་པ་བྱས་ཡོད།

གཞན་ཡང་། ཧོར་པ་ཤང་གིས་ཐབས་ལམ་མང་པོ་ནས་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་དང་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བ་དང་། དམངས་སྲོལ་གནས་ཚང་རིག་གནས་ཉམས་ལེན་ཁང་གཞི་རྟེན་དུ་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་བརྟེན་པ། འབྲོང་པའི་རིག་གནས་ཡུལ་སྐོར་གྱི་ལེགས་ཆར་བརྟེན་པ་བཅས་བྱས་ནས་ཡུལ་སྐོར་གྱི་ལེགས་ཆ་བཏོན་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

ཞབས་ཞུ་ལེགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་ཏུ་བཏང་བ།

“སེ་འབྲུ་དམར་པོའི་གསར་བརྗེའི་ཞབས་ཞུའི་ས་ཚིགས”སུ་སྐྱོད་སྐབས། མངོན་གསལ་དོད་སར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་དཔྱད་ཡིག་བཞག་ནས་ཡུལ་སྐོར་བ་ངལ་གསོ་སྐབས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཤེས་བྱ་སྦྱོང་ཐུབ་པ་བྱེད་ཀྱི་ཡོད།

ཧོར་པ་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་ནུས་པ་བཏོན་ནས“དྲ་ཐོག་དང་དྲ་ཕྱིའི”དྲིལ་བསྒྲགས་ཐབས་ལམ་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཏོད་ཡོད། ཕྱི་རོལ་དུ་དྲིལ་བསྒྲགས་བྱང་བུ་དང་། རིག་གནས་གྱང་། LEDབརྙན་ཤེལ་སོགས་དྲིལ་བསྒྲགས་སྦྱར་ཡིག་ཇུས་འགོད་བྱས་ཏེ་སྤྱོད་པ་དང་། ཧོར་པ་ཤང་གི་ཁྱུག་དབྱིངས་ཀྱི་གཞུང་ཕྱོགས་ཀྱི་སྤྱི་རྟགས་ཐོག་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ནང་དོན་ཡོངས་བསྒྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དྲིལ་བསྒྲགས་རྒྱ་ཁྱབ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

ཧོར་པ་ཤང་གིས་ད་དུང“སེ་འབྲུ་དམར་པོའི་གསར་བརྗེའི་ཞབས་ཞུའི་ས་ཚིགས”སུ་བློ་འདྲིའི་སྟེགས་བུ་བཙུགས་ནས་ཡུལ་སྐོར་བར་མི་རིགས་མཐུན་སྒྲིལ་གྱི་འགྲེམས་ཁང་དང་། ཧོར་པ་ཤང་ས་ཁོངས་ཀྱི་མཛེས་ལྗོངས་ཁུལ། འགྲོ་འོང་གི་འགྲིམ་འགྲུལ་ལམ་ཐིག ཁྱད་ལྡན་བཟའ་བཏུང་སོགས་ཡུལ་སྐོར་ཆ་འཕྲིན་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ཡོད།

ཡུལ་སྐོར་བ་མང་བའི་དུས་སུ་ཧོར་པ་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་དང་བླངས་པ་སྒྲིག་འཛུགས་བྱས་ནས། ཡུལ་སྐོར་བར་ས་ཚིགས་དང་དེ་བཞིན་སྦྲ་གུར་ནག་པོའི་གྲོང་ཚོའི་ལོ་རྒྱུས་ཁང་དང་དེ་བཞིན་མི་རིགས་མཐུན་སྒྲིལ་འགྲེམས་ཁང་གི་གནས་ཚུལ་ངོ་སྤྲོད་བྱས་ཏེ་ཡུལ་སྐོར་བ་ཚོས་ས་གནས་ཀྱི་རིག་གནས་་ཤེས་རྟོགས་དང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བ་ཉམས་ལེན་ཐུབ་པ་བྱེད་ཀྱི་ཡོད། ཧོར་པ་ཤང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་དྲ་མིག་ཚོགས་ཆུང་ཁག་བགོས་ལག་བསྟར་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་ཡུལ་སྐོར་བར་ནུས་པས་ལྕོགས་ཚོད་ཀྱིས་རླངས་འཁོར་ལ་རོགས་སྐྱོབ་བྱེད་པ་སོགས་དམངས་ཕན་དམངས་བདེའི་ཞབས་འདེགས་ཞུ་གི་ཡོད།

འབྲོང་པ་རྫོང་ཧོར་པ་ཤང་གི་དམངས་སྲོལ་མྱོང་རོལ་ཁང་བསྐྲུན་པ་དེས་ཧོར་པ་ཤང་ལ་དམངས་སྲོལ་རིག་གནས་དྲིལ་བསྒྲགས་ལ་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། སྲོལ་རྒྱུན་དམངས་སྲོལ་རིག་གནས་ལ་མྱོང་རོལ་ཟབ་མོ་ཐུབ་ཁར། མང་ཚོགས་ཞུགས་པ་དང་། རིག་གནས་ཀྱི་ནང་དོན་བརྒྱུད་བསྒྲགས། རིག་གནས་རྒྱུན་འཛིན་བཅས་ལ་སྐུལ་འདེད་གཏོང་བར་དེ་བས་ཕན་པ་ཐོན་ཡོད”ཅེས་འབྲོང་པ་རྫོང་ཧོར་པ་ཤང་གི་འབྲེལ་ཡོད་འགན་འཁུར་བས་བཤད།

(པ་སངས་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)