《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

རྒུན་འབྲུམ་རྡོག་པོ་ཆུང་ཡང་། བདེ་སྐྱིད་འཚོ་བ་བཏོད་བྱུང་།

——འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་གླིང་།

ལྷ་ས་སྐྱིད་ཆུའི་ངོགས་སུ་རྒུན་འབྲུམ་གྱི་དྲི་ཞིམ་འཐུལ་བའི་འདེབས་འཛུགས་གླིང་ཞིག་ཡོད་པ་དེ་ནི་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞིའི་གྲོང་གསར་གྱི་རི་ལྡེབས་སུ་ཆགས་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་གླིང་རེད།

རྒུན་འབྲུམ་འདེབས་འཛུགས་གླིང་དུ་སྐྱོད་སྐབས་སྔོ་ཐིང་ཐིང་གི་རྒུན་འབྲུམ་ཡལ་འདབ་རབ་ཏུ་རྒྱས་པ་དང་ཆུ་ཁྲུམ་ཁྲུམ་གྱི་རྒུན་འབྲུམ་རྡོག་པོ་མུ་ཏིག་དང་གཡང་ཊི་ལྟར་ལྗིད་ཏིག་ཏིག་ངང་ཡལ་གའི་སྟེང་བཏགས་ནས་དྲི་བསུང་འཐུལ་བཞིན་མི་རྣམས་ཀྱི་ཡིད་ཀྱི་དབང་པོ་ཅིག་ཅར་འགུག་གི་ཡོད། དེ་དང་ཐག་མི་རིང་བའི་སར་ཡུལ་སྐོར་བ་ཁྱུ་ཞིག་གིས་དགའ་དགའ་སྤྲོ་སྤྲོའི་ངང་རྒུན་འབྲུམ་འཐུ་བཞིན་དུ་གྲོགས་པོ་དང་མཉམ་དུ་ལོ་ལེགས་ཀྱི་དགའ་སྤྲོའི་ཐོབ་ཚོར་མྱོང་རོལ་བྱེད་བཞིན་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་རྫོང་ཚལ་སྣེ་ཤང་ལ་ས་བབ་མཐོ་ཚད་སྨི་3600ཙམ་ཡོད་པ་དང་། ས་ཁོངས་ཀྱི་ས་རྒྱུ་ཡག་པོ་ཡོད་པས་ཞོད་སྐྱོན་སྔོན་འགོག་ཐུབ་ལ་ཐན་སྐྱོན་ཡང་སྔོན་འགོག་ཐུབ་ཀྱི་ཡོད། མ་གཞི་རྒུན་འབྲུམ་འདེབས་རྒྱུར་ཧ་ཅང་འཚམ་ན་ཡང་ལག་རྩལ་གྱི་དཀའ་གནད་མང་པོ་ཞིག་སེལ་དགོས་ཀྱི་ཡོད། ས་མཐོའི་རང་བྱུང་ཁོར་ཡུག་དམིགས་བསལ་ཡིན་པའི་དབང་གིས་རྒུན་འབྲུམ་འདེབས་འཛུགས་ལ་དཔྱིད་དུས་ཀྱི་དཔྱིད་གྲང་དང་ཐན་པ་དང་། དབྱར་དུས་ཀྱི་ཚ་གདུག་དང་དྲག་ཆར། སྟོན་དུས་ཀྱི་བ་མོ། དགུན་དུས་ཀྱི་བྱེ་རླུང་སོགས་ཀྱི་གནམ་གཤིས་ངན་པའི་ཚོད་བགམ་ནན་པོ་འཕྲད་ཀྱི་ཡོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་པའི་དཔེ་ལྟར། ལོ་བརྒྱད་ཀྱི་ལག་ལེན་བརྒྱུད་ཆུ་ཤུར་རོང་ཧྲུན་འདེབས་འཛུགས་ཚོགས་པས་ས་བབ་ཧ་ཅང་མཐོ་བར་རྒུན་འབྲུམ་འདེབས་འཛུགས་དང་རྒུན་འབྲུམ་གླིང་སྲུང་སྐྱོང་སོགས་ཀྱི་ལག་རྩལ་ལ་ཚད་བརྒལ་བྱུང་ནས་ས་བབ་ཧ་ཅང་མཐོ་བའི་སོན་གསོ་མྱུག་གསོ་དང་། དཔྱིད་དུས་ཆུ་དཀོན་པའི་འདེབས་འཛུགས། དབྱར་དུས་ཆར་ཆུ་དང་སེར་བ་མང་བའི་གནམ་གཤིས་སྔོན་འགོག སྟོན་དུས་བསྡུ་འགྱངས། རྒུན་འབྲུམ་དགུན་སྒྲོལ་སྲུང་སྐྱོང་སོགས་རྒུན་འབྲུམ་སྐྱེ་འཚར་དང་སྲུང་སྐྱོང་གི་ལག་རྩལ་རབ་དང་རིམ་པ་ཁོང་དུ་ཆུད་ཡོད།

“རྒུན་འབྲུམ་འདེབས་འཛུགས་གླིང་ལ་2018ལོར་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི‘ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་གླིང’གི་མཚན་སྙན་ཐོབ་ཡོད། འདེབས་འཛུགས་གླིང་གི་ས་བབ་དམའ་ཤོས་སྨི་3563.31ཡིན་པ་དང་། དེ་གར་གཙོ་བོ་ཝུའེ་ཏེར་དང་། ས་བབ་ཧ་ཅང་མཐོ་བའི་A ཞ་ཏུའོ་ལི་སོགས་ཀྱི་རྒུན་འབྲུམ་སྣ་ཁ་6བཏབ་ཡོད” རྒུན་འབྲུམ་རྟེན་གཞིའི་མིག་སྔའི་ས་བཟུང་རྒྱ་ཁྱོན་མུའུ་850ཟིན་པ་དང་མུའུ་རེའི་ཐོན་འབབ་སྤྱི་རྒྱ་300གཡས་གཡོན་ཟིན་གྱི་ཡོད། 2019ལོར་དངོས་སུ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་ནས་བཟུང་། ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་50ལ་སྣེ་ལེན་ཞུ་གི་ཡོད་ཅེས་ཆུ་ཤུར་རུང་ཧྲུན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཕྱིར་ཚོང་འགན་འཁུར་བ་སུན་ལུང་གིས་གསར་འགོད་པར་བཤད། (བདེ་སྐྱིད་དབང་མོས་བསྒྱུར། བདེ་དབང་དང་བུ་ཁྲིད་ཀྱིས་ཞུས)