《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

ཉིང་ཁྲིའི་བུ་མོ་ཚེ་རིང་སྐྱིད།

ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ས་མཐོའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་ཡག་པོ་ཡོང་བར་བྱས་པ།

འདི་ནི་ཚེ་རིང་སྐྱིད་ཀྱིས་ཁོར་ཡུག་གཙང་སྦྲ་བར་འཚམས་འདྲི་བྱེད་བཞིན་པ།

འདི་ནི་ཚེ་རིང་སྐྱིད་ཀྱིས་ཉིང་ཁྲིའི་ཞིང་ལས་ཐོན་རྫས་ཀྱི་མགྲིན་ཚབ་པ་བྱེད་བཞིན་པ།

འདི་ནི་ཚེ་རིང་སྐྱིད་དང་ཨ་མས་ཤིང་འབྲས་ར་བའི་ནང་ཀུ་ཤུ་འདེམས་བཞིན་པ།

ཁ་མདོག་རྣམ་པར་བཀྲ་བའི་ཀོང་པོའི་གྱོན་ཆས་གྱོན་པའི་བུ་མོ་ཞིག་གིས་ཀོ་གྲུ་བཏང་ནས་བདེ་ལྕག་འཁྱུག་པོས་ཆུ་བོ་ཞིག་བསྒྲོལ་རྗེས་ལྡེམ་ལྡེམ་ཙག་སྒྲ་འབྱིན་པའི་ཤིང་ཟམ་བརྒྱུད་དེ་གཡུ་ལོ་ཚང་ཚིང་འཁྲིགས་པའི་ནགས་ཚལ་ཞིག་ཏུ་བསླེབས་ནས“རི་ཚལ་ཀུན་གྱི་རྒྱལ་པོ”ཞེས་བརྗོད་པའི་རེལ་ཚལ་བཙལ། འདི་ནི་གློག་བརྙན་འཁྲབ་མཁན་ཞིག་མ་ཡིན་པར་ཞིང་རོགས་དྲ་དཔོན“ཉིང་ཁྲིའི་བུ་མོ”ཚེ་རིང་སྐྱིད་ཀྱི་ཐད་གཏོང་ལས་སྟེགས་ཐོག་གི་ལྟ་མཁན་མང་ཤོས་ཀྱི་བརྙན་ཟློས་ཤིག་ཡིན་ལ་དེ་ནི་ཁོ་མོས་ཞིང་པར་རོགས་རམ་བྱེད་པའི་འཚོ་བའི་དངོས་བྲིས་ཤིག་ཀྱང་ཡིན།

ཨ་མ་ནི་ངའི་ཞིང་སྐྱོར་རོགས་པ་ཡིན་ལ་ཐོན་རྫས་ཀྱི་སྤུས་ཀ་ཚོད་འཛིན་བྱེད་མཁན“སྤྱི་ཁྱབ་ལྟ་ཞིབ་པ”ཞིག་ཀྱང་ཡིན།

“ཨ་མ། མྱུར་དུ་ལྟོས་དང་འདི་གར་མེ་ཏོག་མང་པོ་འདུག” གྲོང་གསེབ་ཀྱི་ལམ་ཕྲན་དུ་ཚེ་རིང་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་བཤད། ཁོ་མོའི་ལས་གཏོད་ཀྱི་ལམ་བུའི་ཁྲོད། ཨ་མ་ནི“མཉམ་ལས་བྱེད་རོགས”ཡིན་ལ། ཁོ་མོའི་ཞིང་ལས་ཐོན་རྫས་སྤུས་ཚད་ཀྱི“འགག་སྒོ་སྲུང་མཁན”ཡང་ཡིན།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་རྗེས་ཚེ་རིང་སྐྱིད་ཀྱིས་མཐར་གཞན་དང་མི་མཚུངས་པའི་ལམ་བུ་ཞིག་བདམས་པ་སྟེ་ཨ་མ་དང་མཉམ་དུ་ལས་གཏོད་བྱས་པ་དེ་རེད། དེ་སྔར་ཁོ་མོ་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་ཀྱང་རྒྱུགས་མ་འཕྲོད་པས་མགྱོགས་མྱུར་སེམས་ཁམས་ལེགས་སྒྲིག་བྱས་ནས་ལྷ་སར་བྲིན་ཚོང་ལས་ཀ་བྱས་པ་རེད། ལྷ་སར་ལོ་གཉིས་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཁོ་མོས་ལས་ཞུགས་བྱས་རྗེས་ཀྱི་ཡོང་འབབ་དང་པོ་བསགས་ཡོད། མ་གཞི་བྱས་ན་ཡོང་འབབ་ཅུང་བརྟན་པོ་ཡོད་པའི་ལས་ཀ་དེ་མུ་མཐུད་བྱེད་ཆོག་མོད། ཡིན་ན་ཡང་ཚེ་རིང་སྐྱིད་ལ་འགྲན་སློང་རང་བཞིན་གྱི་བྱ་གཞག་ཅིག་སྒྲུབ་འདོད་བྱུང་། མཇུག་མཐར་ཁོ་མོས་ལས་ཀ་གཡུགས་ནས་ཕ་ཡུལ་དུ་ལོག་སྟེ་ཞིང་སྐྱོར་དྲ་དཔོན་ཞིག་བྱས་པ་རེད།

ནང་མི་གཞན་དང་མི་འདྲ་བར་ཚེ་རིང་སྐྱིད་ཀྱི་ཨ་མས་ཐོག་མཐའ་བར་གསུམ་དུ་ཁོ་མོར་རྒྱབ་སྐྱོར་བྱས་ནས་ལས་ཀའི་ཁྲོད་ཀྱི་དོན་དག་ཙག་ཙིག་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། ཡུན་རིང་ཞིང་ལས་ཐོན་རྫས་རྒྱུས་མངའ་ལོན་པར་བྱེད་པའི་ཁྲོད། ཁོང་གིས་ཞིང་ལས་ཐོན་རྫས་འདེམས་པའི་ཐད་ཨ་མ་ལ་མི་གཞན་དག་ལས་ལྷག་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་པ་དེ་ནི་རང་གི་ལས་གཏོད་ཀྱི་འདུན་པ་དང་འཚམས་པས། ཁོ་མོས་ཨ་མ་དང་མཉམ་དུ་ཞིང་ལས་ཐོན་རྫས་འཚོང་གཉེར་བྱ་རྒྱུའི་ཐག་བཅད། “སྟར་ཁ་འདེམས་སྐབས་ཕྱིའི་རྣམ་པ་ཁོ་ནར་བལྟ་མི་རུང་། སྟར་ཁ་འདི་རིགས་ཕྱི་ནས་བལྟས་ན་ཕྱི་རྫིག་ནང་སྟོང་རེད། སྟར་ཁ་འདིའི་རིགས་ཕྱི་ནས་བལྟས་ན་ཆུང་ཡང་ནང་སྙིང་བྲོ་བ་ཞིམ་པོ་ཡོད”ཅེས་ནམ་རྒྱུན་ཨ་མས་ཚེ་རིང་སྐྱིད་ལ་ཐོན་རྫས་འདེམས་པའི་ཉམས་མྱོང་དམར་ཁྲིད་བྱེད་ཀྱི་ཡོད་པ་རེད།

ཡིད་རྟོན་ལྡན་པའི་ཕྱིར་འཚོང་བྱས་ནས་ལས་རིམ་ཚང་མ་གང་ལེགས་ལེགས་ཡོང་བར་བྱས་པ།

ཐད་གཏོང་ཟོག་ཚོང་ལས་རིགས་སུ་ཚུལ་མིན་ལུགས་མིན་བྱེད་མཁན་ཧ་ཅང་མང་། ལྷག་པར་དུ་ཞིང་སྐྱོར་ཐད་གཏོང་བྱེད་མཁན་ཁྲོད་མི་འགའ་ཞིག་གིས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཡིན་ཞེས་ལབ་ནས་དོན་དངོས་ཐོག་ས་ཆ་གཞན་གྱི་ཐོན་རྫས་འཚོང་གི་ཡོད་པ་དང་། འགའ་ཞིག་གིས་ཐོན་རྫས་ལ་རྒྱུས་མངའ་མེད་པར་འཚོང་གི་ཡོད་པས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་ཐུབ་ཀྱི་མེད་པ་སོགས་སྣང་ཚུལ་ངན་པ་མང་པོས་ཁྲོམ་རའི་ཁོར་ཡུག་ལ་ཟང་ཟིང་བཟོས་པ་མ་ཟད། འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་ཡང་བཟོ་གི་ཡོད།

དང་ཐོག ཐོན་རྫས་མཁོ་སྤྲོད་ཚོང་པ་ཁག་གཅིག་གིས་ཁོ་མོར་མ་དངུལ་འདང་ངེས་ཡོད་མེད་ལ་དོགས་པ་སྐྱེས་ནས་དངུལ་སྔོན་ལ་སྤྲད་རྗེས་ཚོང་ཟོག་གཞི་ནས་སྤྲོད་རྒྱུའི་རེ་བ་བཏོན་མོད། ཡིན་ན་ཡང་ཐད་གཏོང་ལས་སྟེགས་ཀྱིས་ཟླ་རྩིས་ལམ་སྲོལ་ལག་ལེན་བསྟར་བར་བརྟེན། ཚེ་རིང་སྐྱིད་ཀྱིས་ཚོང་ཟོག་འཐེན་ཆེད་དངུལ་སྔོན་ལ་མི་སྤྲོད་ཀ་མེད་བྱུང་། ཚེ་རིང་སྐྱིད་ཀྱིས“མ་གཞི་མ་དངུལ་ཐད་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་བྱུང་། ཡིན་ན་ཡང་ལས་ཀ་འདི་བདམས་པར་འགྱོད་པ་མི་འདུག མཁོ་སྤྲོད་ཚོང་པའི་ཡིད་ཆེས་ཆེ་རུ་གཏོང་བར་དུས་ཡུན་རིང་པོ་དགོས”ཞེས་དགའ་སྤྲོའི་ངང་བཤད། ད་ཆ་ཁོ་མོས་མཁོ་སྤྲོད་ཚོང་པར་ཟོག་རིན་སྤྲོད་པར་ཟླ་རེའི་ནང་རྩིས་ཐེངས་རེ་རྒྱག་གི་ཡོད་པ་མ་ཟད། དངོས་སུ་ཤིང་འབྲས་ར་བར་བསྐྱོད་དེ་ཤིང་འབྲས་འཐོག་པར་ལྟ་སྐུལ་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱེད་ཀྱི་ཡོད་པ་རེད།

གདེང་འཇོག་བཟང་པོ་ཐོབ་ནས་སྤུས་ལེགས་ཞིང་ལས་ཐོན་རྫས་ལ་འཛད་སྤྱོད་པའི་དགའ་བསུ་ཐོབ་པ།

ཚེ་རིང་སྐྱིད་ཀྱིས་བཙོངས་པའི་ཞིང་ལས་ཐོན་རྫས་ཀྱི་སྣ་ཁ་ཧ་ཅང་མང་པོ་ཡོད་དེ། ཀུ་ཤུ་དང་སྟར་ཁ་སོགས་ཤིང་འབྲས་ཙམ་མ་ཟད། བེ་ཤ་སོགས་ནགས་ཁྲོད་ཀྱི་རྩ་ཆེའི་ཐོན་རྫས་ཀྱང་ཡོད་ལ། ཐ་ན་བོད་ཕག་གི་ཤ་ཡང་ཡོད། འདི་ལོ་ཁོ་མོས་རི་གསེབ་ཀྱི་ཞིང་འབྲོག་པར་ཆེད་མངགས་བོད་ཕག་གསོ་རྒྱུ་མངགས་པ་དང་། ཁོ་མོས་གནས་དེ་གའི་རང་བྱུང་ཁོར་ཡུག་ཁྲོད་བོད་ཕག་ཡག་ཤོས་གསོ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཚེ་རིང་སྐྱིད་ཀྱིས་ལས་སྒོ་རྒྱ་བསྐྱེད་པའི་ཚོད་ལྟ་གསར་པ་ཞིག་རེད།

“ངས་དང་ཐོག་ལས་གཏོད་བྱེད་སྐབས་རེ་ཞུ་བྱས་པའི་སློབ་ཆེན་སློབ་མའི་ལས་གཏོད་ཁ་གསབ་རོགས་དངུལ་སྒོར་ཁྲི་6དེས་མ་དངུལ་འཁོར་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་ཚེ་རིང་སྐྱིད་ཀྱིས་བཤད། དྲིན་ཚོར་གྱི་བསམ་བློ་བཅངས་ཏེ་ཁོ་མོས་ཞིང་སྐྱོར་ཐད་གཏོང་གི་ལས་རིགས་དེ་ངེས་པར་དུ་ཡག་པོ་བསྒྲུབ་རྒྱུའི་བློ་ཐག་བཅད་པ་དང་། ཁོ་མོ་གུང་གཞོན་སྡེ་ཚོགས་ཉིང་ཁྲི་གྲོང་ཁྱེར་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་གསོ་སྦྱོང་ནང་ཧུར་ཐག་ཞུགས་ནས་སྤྱོད་གོ་ཆོད་པའི་ཤེས་བྱ་མང་པོ་སྦྱངས་པ་མ་ཟད། ལས་ཀའི་ཁྲོད་རང་འགུལ་ངང་གྲོང་གསེབ་དར་རྒྱས་ཀྱི་ལས་ཀ་བྱེད་མཁན་གྱི་གྲོགས་པོ་མང་པོ་དང་ངོ་ཤེས་བཏང་བ་དང་། སྦྲག་སྲིད་ལས་དོན་པ་དང་སྤེལ་རེས་བྱས་པ་བརྒྱུད། ཞིང་ལས་ཐོན་རྫས་སྐྱེལ་འདྲེན་དང་ཐུམ་སྒྲིལ་གྱི་ཁ་གསབ་རེ་ཞུ་བྱེད་སྟངས་སོགས་ཀྱི་ཤེས་བྱའང་ཤེས་པ་རེད། འཇོན་ཐང་ཆེ་རུ་ཕྱིན་པས་ཚེ་རིང་སྐྱིད་ཀྱིས་སྒོ་རྩར་ལས་གཏོད་བྱེད་པ་དང་ཞིང་པར་རོགས་རམ་བྱ་རྒྱུའི་ཕུགས་བསམ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་ཡོད་པ་རེད།

“ལས་གཏོད་ཐད་སློབ་ཆེན་སློབ་མ་མང་པོ་ཞིག་ཀོག་ཧྥེ་ཁང་ངམ་ཡང་ན་བསམ་བཀོད་བར་མཐོངས་ལྟ་བུའི‘མཐོ་ཆེ་ལེགས་གསུམ’གྱི་རྣམ་གྲངས་གདམ་རྒྱུར་དགའ་མོད། འོན་ཀྱང་ངས་ཞིང་སྐྱོར་ཐད་གཏོང་འདི་མཐའ་འཁྱོངས་བྱས་པ་ཡིན། རང་ཉིད་སྐྱེས་ས་འཚར་སའི་ཡུལ་བྱ་གཞག་གསར་གཏོད་དང་འཚོ་བ་སྐྱེལ་རྒྱུ་བྱུང་བས་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཟབ་མོ་བྱུང” དམིགས་ཡུལ་གསལ་པོ་ཡོད་པའི་ཚེ་རིང་སྐྱིད་ཀྱིས་རང་ཉིད་ཀྱི་གོམ་སྟབས་རྗེས་མའི་འབད་འཐབ་ཁ་ཕྱོགས་ལ་འཆར་འགོད་བཟོས་ཟིན། ཁོ་མོས། “ང་དང་ཨ་མའི་སྟོབས་ཤུགས་ཁོ་ནར་བརྟེན་ན་གཞི་ཁྱོན་ཅན་གྱི་ཞིང་སྐྱོར་འབབ་འཕར་མངོན་འགྱུར་བྱེད་མི་ཐུབ། བློ་སེམས་གཅིག་མཐུན་གྱི་རོགས་ཟླ་བཙལ་ཏེ་ཞིང་སྐྱོར་ཐད་གཏོང་ཚོགས་པ་ཞིག་མཉམ་དུ་བཙུགས་ཐོག་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་རྟགས་བཏོད་དེ། ས་མཐོའི་ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་བརྒྱུད་སྔར་བས་ལེགས་པའི་སྒོ་ནས་ཕྱིར་བཙོངས་ཏེ་དངོས་འབྲེལ་ཞིང་སྐྱོར་ཞིང་ཕན་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

(དམ་ཆོས་མི་ཕམ་དང་ཟླ་ཕུར་གྱིས་སྒྱུར་ཞུས་བྱས)