《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

བྱང་ཐང་ཡངས་པའི་མཁའ་དབྱིངས་སུ། ལང་ཚོའི་གཤོག་རྩལ་ཅི་དགར་ངོམས།

—— ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་མེ་ལོང་གྲོང་ཚོའི་ཆེད་དོན་པ་མིག་དམར་ཚེ་རིང་གི་སྐོར་བཀོད་པ།

མིག་དམར་ཚེ་རིང་གིས་མང་ཚོགས་ཀྱི་ཁྱིམ་དུ་ཐོ་འགོད་བཞིན་པ།

མིག་དམར་ཚེ་རིང་གྲོང་གསེབ་དར་རྒྱས་ཀྱི་བྱེད་སྒོར་ཞུགས་བཞིན་པ།

མིག་དམར་ཚེ་རིང་གིས་མང་ཚོགས་ལ་ངོ་སྤྲོད་ཡི་གེ་འབྲི་རོགས་བྱེད་པ།

གསར་འགོད་པ། ལྷག་པ་ཚེ་རིང་། ལྕང་བུ་ཆུང་།

གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་དུས་སྐབས་འདིར་རང་ལྗོངས་ཀྱི་ས་གནས་ཁག་གི་གཞི་རིམ་འཐབ་ས་དང་པོར་མི་ཚོགས་འདི་འདྲ་ཞིག་ཡོད་དེ། ཁོང་རྣམ་པས་ཁེ་གྲགས་སྤངས་ནས་གྲོང་གསེབ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་སྒྲུབ་པའི་སེམས་ཤུགས་ཆེན་པོར་བརྟེན་ནས་རང་ཉིད་ཀྱི་ལང་ཚོ་དང་འཇོན་ཐང་ཡོད་ཚད་གཞི་རིམ་ལ་ལེགས་སྐྱེས་འབུལ་བཞིན་ཡོད། མིག་དམར་ཚེ་རིང་ནི་ཁོང་ཚོའི་གྲས་ཤིག་ཡིན་ཞིང་། ཁོང་གིས་བྱང་ཐང་གི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་རང་ཉིད་ཀྱི་ལས་རྗེས་བཞག་དང་འཇོག་མུས་རེད།

“ཨ་ཇོ་མིག་དམར། ང་ལ་ངོ་སྤྲོད་ཅིག་བྲིས་དང” “ཨ་ཇོ་མིག་དམར། ང་ལ་ཐེལ་ཙེ་ཞིག་རྒྱོབ་དང” “ཨ་ཇོ་མིག་དམར། ང་ཚོའི་ཁྲོན་པར་སྐྱོན་ཤོར་འདུག གང་འདྲ་བྱེད་དགོས་རེད” “ཨ་ཇོ་མིག་དམར།……” གསར་འགོད་པས་རྩྭ་རིང་གྲོང་རྡལ་མེ་ལོང་གྲོང་ཚོ་ནས་སྐད་ཆ་འདི་དང་དེ་འདྲ་བ་ཐེངས་མང་ཐོས་བྱུང་། དམངས་འཚོ་དང་འབྲེལ་བའི་སྐད་ཆ་འདི་དག་ལས་མིག་དམར་ཚེ་རིང་གིས་རྣམ་ཀུན་ལས་ཀ་ཅི་ཞིག་སྒྲུབ་དགོས་མིན་ཤེས་ལ། མང་ཚོགས་ཀྱི་ངོས་ནས་བརྗོད་ན། ཕྲུ་གུ་ངུ་ས་ཕ་མ་ཞེས་པ་ལྟར་ཁོང་ནི་མང་ཚོགས་ཀྱི་བདེ་སྡུག་ཞུ་ས་དེ་རང་ཡིན་པ་ངང་ཤུགས་སུ་རྟོགས།

མིག་དམར་ཚེ་རིང་ནི་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་གྱི་མི་ཞིག་ཡིན་པ་དང་། 2019ལོར་སློབ་གྲྭ་ཆེན་མོ་ཐོན་རྗེས། གྲོང་གསེབ་དར་རྒྱས་ཆེད་དོན་པའི་ཡིག་རྒྱུགས་བཏང་ནས་མེ་ལོང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཆེད་དོན་པར་གྱུར། ཆེད་དོན་པ་ཞིག་གི་ངོས་ནས། མིག་དམར་ཚེ་རིང་གི་ལས་ཀ་མང་ཆེ་བ་ནི་མང་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བ་ཆེ་བའི་གནད་དོན་ཆུང་ཙག་དང་། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ལས་ཀ་ཤ་སྟག་རེད། གོང་རིམ་གྱི་སྲིད་ཇུས་དྲིལ་བསྒྲགས་དང་གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རྩྭ་ཐང་གི་ཁོར་ཡུག་བཅོས་སྒྲིག གྲོང་མིའི་འགལ་ཟླ་འདུམ་འགྲིག་དང་འབྲེལ་ཡོད་ངོ་སྤྲོད་འབྲི་བ་ལ་སོགས་གང་ལྟར་མང་ཚོགས་ཀྱིས་རེ་བ་ཅི་ཞིག་བཏོན་རུང་ཁོང་གིས་དུས་བཅད་ལྟར་སྤུས་ཚད་ལེགས་པོས་ལས་འགན་ཁག་ལེགས་པར་སྒྲུབ་བཞིན་ཡོད།

སློབ་གྲྭ་ཆེན་མོ་ཐོན་རྗེས། རྩྭ་རིང་གྲོང་རྡལ་དུ་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་པ་ཞིག་བྱེད་པར་ཡོང་དོན་སྐོར་གླེང་སྐབས། མིག་དམར་ཚེ་རིང་གི་མིག་ཟུང་ནས་འགྱུར་མེད་བརྩེ་སེམས་ཀྱི་རང་མདངས་ཤིག་མངོན་བྱུང་སྟེ། ཁོང་གིས། འདི་ནི་ང་རང་སྐྱེ་སའི་ཕ་ཡུལ་རེད། འདིར་ང་རང་གི་རྒྱུས་མངའ་ཡོད་པའི་རྩྭ་ཐང་དང་འབྲོག་པ་ཡོད། ངས་རང་ཉིད་ཀྱིས་ད་བར་སྦྱངས་པའི་ཤེས་བྱ་དང་རྩལ་ནུས་ཡོད་ཚད་བཏོན་ཏེ། གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕྲན་བུ་ཕུལ་ནས། ཡུལ་མི་རྣམས་ཀྱི་འཚོ་བ་སྔར་ལས་ཡག་ཏུ་འགྲོ་བའི་རེ་བ་འཆང་བཞིན་ཡོད་ཅེས་བརྗོད།

མེ་ལོང་གྲོང་ཚོ་ནི་རྩྭ་རིང་གྲོང་རྡལ་གྱི་ཤར་ལྷོའི་མཚམས་ཀྱི་སྤྱེ་ལེ་20ཡས་མས་སུ་གནས་ཡོད་ཅིང་། གྲོང་ཚོ་སྤྱིར་ན་ལུང་ཁུག་ཡིན་པ་དང་། གློག་དང་ཆུ་ལ་སོགས་པ་རྨང་གཞིའི་སྒྲིག་བཀོད་ཅུང་ཞན་པའི་ཁར། དེ་གའི་འབྲོག་པ་མི་ཉུང་བ་ཞིག་གི་བསམ་བློ་ད་དུང་ཡང་རྗེས་ལུས་ཀྱི་གནས་སུ་གྱར་ཡོད་པ་སོགས་ཀྱི་གནས་ཚུལ་ལྡན་ཡོད། འོན་ཀྱང་། དཀའ་ངལ་འདི་དག་གིས་མིག་དམར་ཚེ་རིང་གི་བྱ་གཞག་སྒྲུབ་པའི་བསམ་བློར་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། དེ་ལས་ལྡོག་སྟེ་ཁོང་གིས་མང་ཚོགས་དང་འབྲེལ་འདྲིས་སྔར་ལས་ཟབ་པ་བྱེད་ཆེད། ལོ་རེར་མང་ཚོགས་ཀྱི་ཁྱིམ་དུ་ཐེངས་རེ་བསྐྱོད་ནས་གཞི་རྩའི་གནས་ཚུལ་ཐོ་འགོད་པའི་ལས་དོན་དེ་གོ་སྐབས་ཤིག་ཏུ་བརྩིས་ནས། མང་ཚོགས་རྣམས་ལ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་དང་གསལ་བཤད་ནན་ཏན་བྱེད་པ་མ་ཟད། འབྲོག་པའི་རྒྱུན་གཏན་གྱི་འཚོ་བར་དཀའ་ངལ་གང་འདྲ་ཡོད་མེད་དང་། ཁྲོན་པ་དང་ཉི་གློག་སོགས་ཀྱི་སྒྲིག་བཀོད་ཉམས་བཟོ་བྱེད་དགོས་ཡོད་མེད། ཕྲུ་གུ་དུས་ཐོག་ཏུ་སློབ་གྲྭར་གཏོང་གི་ཡོད་མེད་སོགས་ལ་དེ་བས་སྣང་ཆེན་དང་འབྲེལ་ཡོད་གནད་དོན་ཐོ་ཡག་པོ་བཀོད་ནས། གྲོང་ཚོའི་འགོ་ཁྲིད་དང་ལས་རོགས་དབར་ལ་གྲོས་བསྡུར་བྱས་ཏེ་དཀའ་གནད་དེ་དག་སེལ་ཐབས་བྱེད་ཀྱི་ཡོད།

གྲོང་མིའི་དབར་གྱི་འགལ་ཟླ་འདུམ་འགྲིག་བྱེད་རྒྱུ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་ཡིན་པས། གནས་ཚུལ་འདི་རིགས་འཕྲད་རིམ་བཞིན་མིག་དམར་ཚེ་རིང་གིས་འཕྲལ་མ་ཉིད་དུ་གྲོང་ཚོ་ཨུ་ལྷན་གཉིས་དང་མཉམ་དུ་གྲོས་བསྡུར་ཐེངས་མང་བྱས་ནས། ཕྱོགས་གཉིས་ཀའི་རེ་བ་དང་དགོས་མཁོར་བསྟུན་མཁས་ཀྱིས་དྲང་བདེན་དང་དྲང་བཞག་ངང་གནས་ཚུལ་ཐག་གཅོད་བྱེད་ཀྱི་ཡོད། “གྲོང་མིའི་དབར་གྱི་འགལ་ཟླ་མང་ཆེ་བ་ནི་དོན་དག་ཆུང་ཙག་ལས་བྱུང་བ་ཡིན། གལ་སྲིད་དུས་ཐོག་ཏུ་ཐག་གཅོད་མ་བྱས་ཚེ། གནས་ཚུལ་ཚབས་ཆེར་འགྲོ་ཉེན་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་པ་ཞིག་གི་ངོས་ནས། ང་ལ་གྲོང་མིར་སློབ་གསོ་རྒྱག་པའི་འགན་འཁྲི་ཡོད་ལ། དེ་བས་འགལ་ཟླ་འདུམ་འགྲིག་བྱེད་རྒྱུ་དེ་ངའི་འོས་འགན་ཞིག་ཀྱང་རེད། རྣམ་ཀུན་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད་དུའང་དཀའ་ངལ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་བྱེད་རྒྱུ་དེ་རེད་འདུག སྲིད་ཇུས་དྲིལ་བསྒྲགས་ཡིན་ནའང་འདྲ། འགལ་ཟླ་འདུམ་འགྲིག་ཡིན་ནའང་འདྲ། སེམས་ཁྲལ་ཆེ་ཤོས་ནི་ང་རང་གི་གསལ་བཤད་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་འགྲིག་གི་ཡོད་མེད་དང་གནད་ལ་འཁེལ་པོ་བྱུང་ཡོད་མེད་དེ་རེད་འདུག”ཅེས་མིག་དམར་ཚེ་རིང་གིས་བརྗོད།

ཤེས་རྟོགས་བྱུང་བ་ལྟར་ན། མིག་དམར་ཚེ་རིང་གི་བཟའ་ཟླ་མེ་ཏོག་ལྷ་མཛེས་ཀྱང་རྩྭ་རིང་གྲོང་རྡལ་རྩེ་གསུམ་གྲོང་ཚོའི་ཆེད་དོན་པ་ཞིག་ཡིན་ཞིང་། ཁོང་རྣམ་གཉིས་ནི་རྩྭ་རིང་གྲོང་རྡལ་དུ་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་པ་བྱེད་རིང་ལས་འགྲོའི་མདུད་པ་ཐེབས་པ་ཞིག་རེད་འདུག ཁོང་བཟའ་ཚོས་སྦྱངས་པའི་ཤེས་བྱ་ཡོན་ཏན་ཙམ་མ་ཟད། རང་ཉིད་ཀྱི་ལང་ཚོའང་རང་གི་ཕ་ཡུལ་ལ་ལེགས་སྐྱེས་འབུལ་བཞིན་ཡོད་ལ། གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ལ་རྩལ་ནུས་ཡོད་ཚད་འདོན་བཞིན་ཡོད། མིག་དམར་ཚེ་རིང་གིས། གྲོང་གསེབ་དར་རྒྱས་ནི་གྲོང་ཚོ་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། རིག་གནས་དར་འཕེལ་གཏོང་བ། མང་ཚོགས་ཀྱི་བསམ་བློ་འཕེལ་རྒྱས་གཏོང་བ། འཚོ་བ་ཡག་ཏུ་གཏོང་བ། མཉམ་ལས་ཁང་གི་ཐོན་ལས་དར་རྒྱས་གཏོང་བ་སོགས་ཀྱི་བྱ་གཞག་རླབས་པོ་ཆེ་ཞིག་རེད་སྙམ་གྱི་འདུག དེའི་དབང་གིས་ང་དང་བཟའ་ཟླ་གྲོང་གསེབ་དར་རྒྱས་ཀྱི་རླབས་ཆེན་བྱ་གཞག་ཁྲོད་ནུས་ཤུགས་ཡོད་ཚད་འདོན་རྒྱུ་བྱུང་བར་དགའ་ཚོར་སྐྱེ་ཡི་འདུག་ལ། སྤོབས་པའང་ཆེན་པོ་སྐྱེ་ཡི་འདུག་ཅེས་སྤོབས་སེམས་ཆེན་པོས་བརྗོད།

མིག་དམར་ཚེ་རིང་། མེ་ཏོག་ལྷ་མཛེས། སྐལ་ཕུན། མར་མཚོ། ཀརྨ་རྡོ་རྗེ། ……ལང་ཚོ་དར་ལ་བབས་པའི་གཞོན་ནུ་འདི་དག་ནི་རྩྭ་རིང་གྲོང་རྡལ་གྱི་ཆེད་དོན་པ་ཤ་སྟག་རེད། མིང་འདི་དག་ནི་རྩྭ་རིང་གྲོང་རྡལ་གྲོང་ཚོ་ཁག་གི་མང་ཚོགས་ཀྱིས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད། གྲོང་གསེབ་དར་རྒྱས་ཀྱི་རླབས་ཆེན་བྱ་གཞག་ཁྲོད་ཁོང་རྣམ་པ་དང་འདྲ་བའི་ཆེད་དོན་པ་བགྲང་གིས་མི་ལངས་པ་ཡོད་དེ། ཁོང་རྣམ་པ་ནི་རྒྱ་བོད་སྐད་རིགས་གཉིས་ལ་བྱང་བའི་སྲིད་ཇུས་དྲིལ་བསྒྲགས་པ་དང་། བློ་རིག་དང་སྙིང་སྟོབས་ཀྱིས་ཕྱུག་པའི་གྲོང་གསེབ་འཕེལ་རྒྱས་ཀྱི་ཇུས་འགོད་པ། སེམས་རྩ་འཁོལ་ཞིང་ཤ་ཞེན་ཆེ་བའི་མང་ཚོགས་ཀྱི་སྙིང་ཉེ་བ་བཅས་རེད།

ཁོང་རྣམ་པས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཆེད་དོན་པའི་འགན་འཁྲི་དང་འོས་འགན་ཅི་ཞིག་ཡིན་མིན་གསལ་འགྲེལ་བྱས་ཡོད་ལ། རྒྱ་ཆེའི་གཞོན་ནུ་གཞན་ལའང་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། ཁོང་རྣམ་པ་དང་འདྲ་བའི་ཆེད་དོན་པའི་སྣེ་ཁྲིད་འོག གྲོང་གསེབ་སྔར་ལས་དར་ཞིང་རྒྱས་པ་དང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཡག་པ། ཐོན་ལས་སྔར་ལས་དར་བ་ཡོང་ངེས་རེད།