《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月22日

ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

རང་སྐྱོང་ལྗོངས་མཁོ་སྒྲུབ་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་མཁོ་སྒྲུབ་མཉམ་ལས་ཁང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་འགོད་པར་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ། འབད་འབུངས་ཀྱི་དུང་བརྡ་སྒྲོག་པ་བཅས་བྱས་ཡོད། དེ་ནི་རང་ལྗོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གོང་འཕེལ་འགྲོ་བའི་ལོ་རྒྱུས་འཕེལ་རིམ་ནང་གི་དོན་ཆེན་ཞིག་ཡིན་པས། ང་ཚོས་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

མཁོ་སྒྲུབ་མཉམ་ལས་ཁང་ནི་རང་རྒྱལ་གྱི་གྲོང་གསེབ་མཉམ་ལས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པས། ལོ་རྒྱུས་ཡུན་རིང་ལྡན་ལ་གཟི་བརྗིད་ཀྱི་སྲོལ་རྒྱུན་ཡང་ལྡན་ཡོད། དུས་རབས་གསར་པ་ཤར་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཁོ་སྒྲུབ་མཉམ་ལས་ཁང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཞིང་གསུམ”ལས་དོན་གྱི་སྤྱི་ཡོངས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མཁོ་སྒྲུབ་མཉམ་ལས་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཞིང་པར་ཞབས་འདེགས་ཞུ་བའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རྩ་འཛུགས་ཀྱི་མ་ལག་དང་ཞབས་ཞུའི་ལམ་སྲོལ་གསར་གཏོད་ཧུར་ཐག་བྱེད་པ། ཞིང་པར་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་པས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་མ་ཟད། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཡང་ཐོན་ཡོད།

ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། མཁོ་སྒྲུབ་མཉམ་ལས་ཁང་ནི་ཏང་གི་འགོ་ཁྲིད་འོག་ཞིང་པར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་རང་བཞིན་གྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཤིག་དང་ཏང་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཏང་གིས་ཞིང་འབྲོག་ཁུལ་དུ་སྲིད་འཛིན་པའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཁྲོད་དམིགས་བསལ་གྱི་ལེགས་ཆ་ལྡན་པ་དང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་གོ་སྐབས་སུ་བརྩིས་ནས་རང་ལྗོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འཕྲད་ཡོད། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་རང་རྟོགས་ངང་ལས་དོན་དེ་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཐོག་མཐའ་བར་གསུམ་དུ་ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། “ཞིང་པའི་ཆེད་དུ་དང་། ཞིང་ལས་བྱེད་པ། ངོ་བོ་ཞིང་པ་ཡིན་པ”བཅས་མཐའ་འཁྱོངས་བྱེད་པ། མཁོ་སྒྲུབ་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལེགས་སུ་གཏོང་བ། ཞིང་འབྲོག་ཁུལ་གྱི་དེང་རབས་འཁོར་རྒྱུག་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གཏོད་དགོས།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འབོད་སྐུལ་དང་ལེན་བྱེད་པ་ནི་མཁོ་སྒྲུབ་མཉམ་ལས་ཁང་གི་ཆབ་སྲིད་ཀྱི་རང་མདངས་ཡིན་ལ་མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ཡག་པོ་སྒྲུབ་པའི་སྲོག་རྩ་ཡང་ཡིན། མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམིགས་ཚད་ལས་འགན་དང་སྲིད་ཇུས་བྱ་ཐབས་ཁ་གསལ་བཟོས་ཟིན་པས་འགག་རྩ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད། རིམ་ཁག་ཏང་ཨུད་ཀྱིས་མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་འགན་ལེན་བཅས་ཀྱི་ནུས་པ་ཡག་པོ་འདོན་དགོས། མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་དང་ལེན་ཞུས་ཏེ་ཏང་གི་འགོ་ཁྲིད་དེ་མཁོ་སྒྲུབ་མཉམ་ལས་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ལས་དོན་ཡག་པོ་སྒྲུབ་པར་འགན་ལེན་བྱེད་དགོས།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)