སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན། བོད་རང་སྐྱོང་ལྗོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚང་འཛོམས་ཚོགས་འདུ་ཐེངས་དང་པོར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་བ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྒྲུབ་མཉམ་ལས་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཁོངས་མི་དང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ཙུའུ་ཤིན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། ཏང་གི་འགོ་ཁྲིད་འོག་ཞིང་པར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་རང་བཞིན་གྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཤིག་ཡིན་པའི་མཁོ་སྒྲུབ་མཉམ་ལས་ཁང་ནི་ཏང་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཏང་གིས་ཞིང་འབྲོག་ཁུལ་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་བའི་ཁྲོད་དམིགས་བསལ་གྱི་ལེགས་ཆ་ལྡན་པ་དང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ནི་བོད་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་པ་སོགས་ཀྱི་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང“ཞིང་གསུམ”ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས། མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ལ་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ཏེ་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཞིང་པར་ཞབས་འདེགས་ཞུ་བའི་འགན་འཁྲི་ཕྲག་ཏུ་མཐའ་གཅིག་ཏུ་ཁུར་ནས་ཞིང་པར་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་རིང་ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ལས་དོན་དེ་བོད་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། ཞིང་པའི་ཆེད་དུ་དང་། ཞིང་ལས་བྱེད་པ། ངོ་བོ་ཞིང་པ་ཡིན་པ་བཅས་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དུས་བབ་གསར་པ་དང་ཞིང་འབྲོག་མང་ཚོགས་ཀྱི་རེ་བ་གསར་པ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་ཞིང་པར་འབྲེལ་གཏུག་དང་། ཞིང་པར་སྣེ་ཁྲིད། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་ལམ་སྲོལ་གང་མགྱོགས་བཙུགས་ནས། ཏང་དང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྦྲེལ་ཟམ་དང་སྦྲེལ་ཐག་ཡག་པོ་བྱས་ཏེ་ཏང་གིས་ཞིང་འབྲོག་ཁུལ་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་དགོས། ཞིང་པར་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་གཙོ་འགན་གཙོ་ལས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཞབས་ཞུའི་གཡུལ་ས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ལ་བདེ་འཇགས་ལྡན་པ་དང་། བློ་བདེ་བ། སྤུས་ཀ་ལེགས་པ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རྩའི་འགན་ནུས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་འཁོར་རྒྱུག་མ་ལག་མགྱོགས་མྱུར་འཛུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་བྱེད་པ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་གྲས་དང་འགྱུར་ལྡོག་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་ར་ཆེན་པོ་སྦྲེལ་མཐུད་བྱེད་པ། ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ལ་བརྟེན་ནས་མཉམ་ལས་ཁང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་ཐམས་ཅད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་དགོས་མཁོ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་གྱི་དགོས་མཁོ། བོད་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་གྱི་དགོས་མཁོ་བཅས་དང་འཚམ་པའི་རྩ་འཛུགས་མ་ལག་དང་ཞབས་ཞུའི་ལམ་སྲོལ་ཧུར་ཐག་བཙུགས་ནས། དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོ་དང་དངོས་སུ་ཉེ་བཅར་ཐུབ་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་བ་བཅས་བྱས་ཏེ། བོད་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་འགན་ལེན་བརྟན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་ལ་སྐུལ་འདེད་བཅས་ཀྱི་ནུས་པ་འདོན་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཏང་གིས་ཞིང་འབྲོག་ཁུལ་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་བར་དམིགས་པ། ཕྱོགས་ཁག་གི་སྟོབས་ཤུགས་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པ། ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཁོ་སྒྲུབ་མཉམ་ལས་ཁང་གི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ་དང་། མཁོ་སྒྲུབ་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཆབ་སྲིད་འཛུགས་སྐྱོང་དེ་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། ལས་བྱེད་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་བཏང་ནས། ཁྲོམ་ར་ཤེས་རྟོགས་དང་དོ་དམ་བྱེད་ཤེས་པའི་ཕུལ་བྱུང་ཁེ་ལས་ཀྱི་གཉེར་སྐྱོང་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་མང་ཚོགས་ལ་བརྩེ་སེམས་ཡོད་པ་དང་། མཉམ་ལས་བྱ་གཞག་ལ་སྤྲོ་སེམས་ཡོད་པ། ལས་སྒྲུབ་ལས་གཏོད་ལ་ངར་སེམས་ཡོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། ལས་ཀའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ“ཕྲག་ཤིང་འཁུར་མཁན་གྱི་སྙིང་སྟོབས”དང་། “སླེལ་པོ་འཁུར་མཁན་གྱི་སྙིང་སྟོབས” “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། སྤྱོད་ཚུལ་བཟང་པོ་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་དུས་རབས་གསར་པའི་མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཁྲེན་ཙུའུ་ཤིན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་སྒྲུབ་མཉམ་ལས་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རང་སྐྱོང་ལྗོངས་མཁོ་སྒྲུབ་མཉམ་ལས་ཁང་གི་ལས་དོན་ཁག་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་རང་འགུལ་ངང་ཧུར་ཐག་ཞུས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཁྲོད་ཞུགས་ཚད་དང་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་ཧུར་ཐག་བཏང་ནས། ཞབས་ཞུའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་མཐུད་བཏང་ནས། གཞི་རིམ་མཁོ་སྒྲུབ་ཁང་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཁོ་སྒྲུབ་ཁང་ཁོངས་གཏོགས་ཀྱི་ཁེ་ལས་ཁག་གཅིག་མགྱོགས་མྱུར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་མགྱོགས་མྱུར་གཏོད་པ། ཏང་གིས་སྤྱི་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་བཅས་བྱས་ཏེ། བོད་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
ཚོགས་ཆེན་ཐོག་ད་དུང་བོད་རང་སྐྱོང་ལྗོངས་མཁོ་སྒྲུབ་མཉམ་ལས་ཁང་གི་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་དང་སྐབས་དང་པོའི་ལྟ་བཤེར་ཚོགས་པ་བདམས་ཐོན་བྱུང་བ་རེད།
(པད་ཆོས་དང་བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)