ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་རེད།
དབུ་ཚོགས་ཀྱི་དུས་མཚམས་དང་པོར“བཀྲེས་ལྟོགས་དང་དབུལ་ཕོངས་འགོག་པའི”གྲོས་གཞིར་གྲོས་བསྡུར་གནང་སྐབས། ཞི་ཅིན་ཕིང་གིས《ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དྲང་བདེན་གྱི་འཛམ་གླིང་ཞིག་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། མིའི་རིགས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན། འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གཙོ་བོའི་འགོ་ཁྲིད་པ་ཡིན་པའི་ང་ཚོས་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་བློ་སྟོབས་ཀྱི་ཐོག་ནས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་འཁྱོངས་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་བ། ལོ་རྒྱུས་ཀྱི་རང་འགུལ་མངོན་པ་བཅས་བྱས་ཏེ་ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་གཙོ་གཉེར་བྱེད་སྐབས། དང་ཐོག་འཕེལ་རྒྱས་ཀྱི་གྲོས་གཞི་དེ་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་གྱི་ལྟེ་བའི་གནས་བབ་ཐོག་བཞག་པ་དང་། ད་ཐེངས་ཀྱི་ལི་གཡོད་རེ་ནེ་ལུའུ་དབུ་ཚོགས་ཐོག“དྲང་བདེན་གྱི་འཛམ་གླིང་དང་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལ་ཞིག་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་འབྲེལ“བཀྲེས་ལྟོགས་དང་དབུལ་ཕོངས་འགོག་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ”འཛུགས་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད། ཧང་ཀྲོའུ་ནས་ལི་གཡོད་རེ་ནེ་ལུའུ་བར་ང་ཚོས་དམིགས་ཚད་གཅིག་གི་ཆེད་དུ་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དྲང་བདེན་གྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
འཛམ་གླིང་འདི་འདྲ་ཞིག་བསྐྲུན་ཆེད། ང་ཚོས་ཚོང་དོན་མ་འཇོག་དང་འཕེལ་རྒྱས་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་ཀྱི་གཏོང་ཆ་མང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒྲིག་གཞི་སྟོབས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་སྦྲེལ་ཟམ་མང་དུ་གཏོང་བ། “སྒོ་ར་ཆུང་ངུ་དང་གྱང་མཐོ་པོ”ཉུང་ཙམ་བཅས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་དང་དེང་རབས་ཅན་མངོན་འགྱུར་ཐུབ་པ་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་ཆོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སྤྱོད་པར་རྒྱབ་སྐྱོར་དང་། གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན་ཉམས་འགྲོ་བ། ཁོར་ཡུག་སྦགས་བཙོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་འོས་འཚམ་གཅོག་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་དགོས། སྒོ་དབྱེ་དང་། བསྟུན་མཁས། མཐོང་ཆུང་མེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁོར་ཡུག་གཏོད་པ་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ། ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་རླབས་རྒྱུན་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་ལེགས་པའི་ངང་ཞུགས་པར་རྒྱབ་སྐྱོར་བཅས་བྱས་ནས་ལྷོ་བྱང་དབར་གྱི་ཧེ་བག་ཆུང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་གྱིས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་སྲུང་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་འཕེལ་རྒྱས་ནི་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོས་མི་འབོར་དབུལ་པོ་དུང་ཕྱུར་8ཚང་མ་དབུལ་སྒྲོལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱས་ཡོད། གྲུབ་འབྲས་འདི་དག་ནི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱིས་བསྒྲུབས་པ་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“ས་ཁུལ་དབུལ་པོ་གཅིག་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱེད་པའི”བརྗིད་ཆེའི་དམ་བཅའ་བཞག་ཡོད། གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་དབུལ་སྐྱོར་མཐའ་འཁྱོངས། ས་གནས་དེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་མཐའ་འཁྱོངས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་མཐའ་འཁྱོངས་བཅས་བྱས་ཡོད། ཀྲུང་གོའི་དབུལ་སྒྲོལ་གྱི་བརྒྱུད་རིམ་ལས། ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པ་དང་། འཆར་གཞི་གཅིག་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ངར་ཤུགས་དང་། སྙིང་རུས། འབད་འཐབ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ཚེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་ཐུབ་པ་སྟེ། ཉམས་ཞན་འདབ་ཆགས་ཡིན་ཡང་སྔོན་ལ་འཕུར་ཐུབ་པ་དང་དགུང་མཐོན་པོར་འཕུར་ཐུབ་པ་གསལ་བཤད་ཐུབ་ཡོད། ཀྲུང་གོར་གྲུབ་འབྲས་ཐོབ་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་དེ་དང་འདྲ་བར་གྲུབ་འབྲས་ཐོབ་ཐུབ། དེ་ནི་ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་བླངས་པའི་འཛམ་གླིང་གི་དོན་སྙིང་ཞིག་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོཌ་ཀྱི་ཁོངས་མི་ཞིག་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བློས་འགེལ་ཆོག་པའི་ཡུན་རིང་མཉམ་ལས་ཀྱི་རོཌ་ཟླ་ཞིག གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བྱ་སྤྱོད་ལག་བསྟར་པ་དང་དངོས་སྒྲུབ་པ་ཞིག་བཅས་ཡིན་པའི་ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་སྟེ།
གཅིག ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་ཕན་ཚུན་འབྲེལ་མཐུད་ཀྱི་ཕྱོགས་བསྡུས་དྲ་རྒྱ་སྔར་བས་སྐྲུན་པ་དང་། ལྗང་མདོག་དར་གོས་ལམ་བུ་སྣེ་ཁྲིད་དུ་བྱས་ཏེ་གྲངས་འཛིན་དར་གོས་ལམ་བུར་ནུས་པ་འདོན་རྒྱུ།
གཉིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་གྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཞིབ་འཇུག་ལྟེ་གནས་ཡག་པོ་སྐྲུན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་དབུལ་པོ་ཉུང་གཏོང་དང་། འབྲུ་རིཌ་བདེ་འཇཌ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུ།
གསུམ། ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་འབྱུང་འགྱུར་ལོ་གསུམ་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་དེའི་ཐད་མ་དངུལ་གྱིས་རྒྱབ་སྐྱོར་བྱ་རྒྱུ།
བཞི། དབུལ་པོ་ཉུང་གཏོང་དང་འབྲུ་རིགས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་གྱི་གོ་ལ་ཧྲིལ་པོའི་མནའ་འབྲེལ”ནང་ཞུགས་རྒྱུའི་ཐག་བཅད་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕེལ་རྒྱས་པུའུ་ཀྲང་ཚོགས་འདུ་མུ་མཐུད་འཚོག་པར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་རྒྱལ་སྤྱིའི་འབྲུ་རིགས་ཀྱི་གྱོང་གུན་ཉུང་གཏོང་ཚོགས་ཆེན་མུ་མཐུད་གཙོ་གཉེར་བྱ་རྒྱུ།
ལྔ། ཀྲུང་གོས་པར་ཙིར་དང་། ལྷོ་ཨ་ཧྥེ་རི་ཁ། ཨ་ཧྥེ་རི་ཁ་མནའ་འབྲེལ་བཅས་དང་མཉམ་དུ“སྒོ་དབྱེ་དང་ཚན་རིག་དང་མཐུན་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོ”བཏོན་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་ཕན་པ་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ།
དྲུག རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་བདེ་སྐྱིད་སྐྲུན་པའི་དངོས་སྒྲུབ་མཉམ་ལས་དང་། པེ་ཅིང་དུ་བཙུགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལས་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན། ཕྱོགས་ཁག་གིས་གྲངས་འཛིན་སློབ་གསོ་དང་། རྟེན་མཛོད་ཁང་གྲངས་འཛིན་ཅན། གནའ་གཞུང་གྲངས་འཛིན་ཅན་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ།
བདུན། རྒྱལ་ཁབ་ཉི་ཤུ་ཚོགས་པའི“རུལ་རྒོལ་བྱ་སྤྱོད་འཆར་གཞི”དོན་འཁྱོལ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་མི་རྒྱུ་གཉིས་འདེད་དང་། རུལ་སུངས་པ་ཉེན་གཡོལ་བྱེད་ས་མེད་པར་བཟོ་བ། རུལ་རྒོལ་གྱི་ནུས་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ།
བརྒྱད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཆེས་དར་རྒྱས་མེད་པའི་རྒྱལ་ཁབ་ལ་ཕྱོགས་རྐྱང་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཆེས་དར་རྒྱས་མེད་པའི་རྒྱལ་ཁབ་ཡོད་དོ་ཅོག་ལ་100%ཡི་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་ལ་དཔྱ་ཁྲལ་མི་ལེན་པའི་ཐོབ་ཐང་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས་གསུངས་དོན། བཞུད་ལམ་རིང་མོར་གོམ་པ་རེ་རེ་བྱས་ནས་བགྲོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་བྱ་སྤྱོད་སྤེལ་ཏེ། ཐུན་མོང་འཕེལ་རྒྱས་ཀྱི་དྲང་བདེན་གྱི་འཛམ་གླིང་ཞིག་བསྐྲུན་ནས་དབུལ་ཕོངས་དེ་འདས་དོན་དུ་འགྱུར་བ་དང་ཕུགས་འདུན་བཟང་པོ་དོན་དངོས་སུ་འགྱུར་བར་བྱེད་འདོད་ཡོད།
པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
དབུ་ཚོགས་མ་འཚོགས་གོང་། ཞི་ཅིན་ཕིང་ཚོགས་ཞུགས་འགོ་ཁྲིད་པ་དང་ལྷན་དུ་པར་ཙིར་གྱིས་གྲོས་འགོ་བཏོན་པའི“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་གྱི་གོ་ལ་ཧྲིལ་པོའི་མནའ་འབྲེལ”འཛུགས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་ཞུགས་པ་རེད།
དབུ་ཚོགས་ཀྱི་དུས་མཚམས་གཉིས་པའི་ཚོགས་འདུའི་ཐོག“གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞི་སྒྱུར་བཅོས”ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱེད་སྐབས། ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་འཚོགས་ནས་ལོ་16སོང་ཡོད། འགོ་འཛུགས་ས་གསར་པར་རྒྱལ་ཁབ་ཉི་ཤུ་ཚོགས་པས་ངེས་པར་དུ་སྔ་འཛིན་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ལོ་རྒྱུས་ཡར་ཐོན་གྱི་སྟོབས་ཤུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་མུ་མཐུད་སྒྲུབ་དགོས། ང་ཚོས་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་འགན་འཁུར་ནས། ཕར་ཕྱོགས་ཀྱི་འཕེལ་རྒྱས་ལ་བརྩི་མཐོང་བྱེད་རྒྱུ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་ལ་མི་བརྩི་བ་དང་། ཕར་ཕྱོགས་རོགས་ཟླར་བརྩི་བ་ལས་ཁ་གཏད་ལ་མི་བརྩི་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་དགོས།
དང་པོ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་མཉམ་ལས་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། གཞི་ཆེའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། གཞི་ཆེའི་སྲིད་ཇུས་མཐུན་སྦྱོར་གྱི“བརྟན་གཏོང་ཡོ་ཆས”གཏོད་པ་བཅས་བྱས་ནས། སྒོ་དབྱེ་དང་། བསྟུན་མཁས། མཐོང་ཆུང་མེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁོར་ཡུག་གཏོད་དགོས། སྲོལ་བཟང་སྤྱོད་བཟང་གི་ཚོང་གཉེར་ཁོར་ཡུག་བཏོད་དེ་རུལ་སུངས་ཐར་པར་གཏན་ནས་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རྒྱུ་གཉིས་འདེད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།
གཉིས་པ། གོ་ལ་ཧྲིལ་པོའི་དངུལ་རྩའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་བརྟན་ལྷིང་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་དབང་དང་འཐུས་ཚབ་རང་བཞིན་ཇེ་ཆེར་གཏོང་བ་དང་། ཐུན་མོང་ཐོག་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་རང་གི་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་བྱས་པ་ལས་ཐོན་པའི་ལྡོག་ཕྱོགས་ཀྱི་ཕྱིར་ཐོན་ནུས་འབྲས་སྔོན་འགོག་བྱེད་དགོས་ལ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དེའི་ཐད་ལ་ངེས་པར་དུ་འགན་འཁྲི་ཁུར་དགོས། དངུལ་རྩའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཀྱི་ཉེན་བརྡ། ཐག་གཅོད་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་བརྟན་པོར་འཛུགས་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལྗང་མདོག་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས།
གསུམ་པ། གོ་ལ་ཧྲིལ་པོའི་ཚོང་དོན་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཅན་དུ་མི་འགྱུར་བ་དང་མིས་གོ་ལ་ཧྲིལ་པོའི་ཁྲོམ་ར་ཁ་ཕྲལ་དུ་མི་གཏོང་བ། ལྗང་མདོག་ཐཱན་ཉུང་གི་མིང་ཐོག་ནས་སྲུང་སྐྱོང་རིང་ལུགས་ཀྱི་དོན་དངོས་ལག་བསྟར་མི་བྱེད་པ་བཅས་བྱས་ནས། དེ་བས་འདྲ་མཉམ་རང་བཞིན་དང་། བསྟུན་མཁས་རང་བཞིན། དགེ་མཚན་ལྡན་པ་བཅས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རོགས་ཟླའི་འབྲེལ་བ་མཉམ་དུ་འཛུགས་དགོས།
བཞི་པ། གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ། གསར་དར་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཟོ་བ་བཅས་ཀྱི་སྣེ་ཁྲིད་དེ་མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་དགེ་བའི་ཕྱོགས་སུ་འཕེལ་བ་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པར་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་2025ལོར་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་མུ་མཐུད་འཚོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཞུགས་པར་དགའ་བསུ་ཞུ་གི་ཡིན།
ལྔ་པ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་མཛའ་མཐུན་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་ཤིང་། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུས་ནས《ཕ་རི་སིའི་གྲོས་ཆོད》དང《ཁུན་མིང—མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི》ཕྱོགས་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་མ་དངུལ་དང་། ལག་རྩལ། ནུས་པ་བཅས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་། ད་ལོར་འཚོགས་པའི་གནམ་གཤིས་འགྱུར་ལྡོག་དང་ཐང་རྒོད་ཅན་གྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་རྒྱབ་སྐྱོར་བྱེད་དགོས། སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྲོལ་རྒྱུན་ནུས་རྒྱུའི་ཚབ་བྱས་ནས་འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ལྗང་མདོག་དང་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་ནུས་རྒྱུ། ལྗང་མདོག་གཏེར་ཐོན། ལྗང་མདོག་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ནུས་པས་གང་ལྕོགས་ཀྱི་ཁྱབ་ཁོངས་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་དེའང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་དང་། ཉམས་ཉེན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་ཐམས་ཅད་ལ་རྒྱབ་སྐྱོར་བྱེད་དགོས། ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་བ་དང་ཅ་ཧྲར་གང་མགྱོགས་དམག་མཚམས་འཇོག་པར་སྐུལ་མ་བཏང་ནས། ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱས་ནས་ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པ་བཙུགས་པའི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ནས་ལི་གཡོད་རེ་ནེ་ལུའུ་ནས་འགོ་བཙུགས་ཏེ་རོགས་ཟླའི་འབྲེལ་བ་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།
པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ལི་གཡོད་རེ་ནེ་ལུའུ་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།
(པད་མ་ཆོས་སྒྲོན་དང་བསོད་ནམས་ལྷ་མཚོས་བསྒྱུར། ཉི་དོན་གྱིས་ཞུས)