“2024ལོའི་ཟླ་9ཚེས་27ཉིན་ནི་ངའི་མི་ཚེའི་ནང་གི་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན། ཉིན་དེར་པེ་ཅིང་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ང་ལ‘རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར’གྱི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་གནང་བྱུང་། ངས་བཀའ་དྲིན་དེ་ནམ་ཡང་བརྗེད་མི་སྲིད་ལ་མཚན་སྙན་ལ་གཅེས་སྤྲས་ལྡབ་བརྒྱ་ཡང་བྱེད་ཀྱི་ཡིན། རང་ཉིད་ཀྱི་ལུས་པོ་ཡོངས་ནས་འོད་མདངས་འཕྲོ་བ་ལྟར་སྣང་བས་སྤོབས་སེམས་དཔག་མེད་སྐྱེ་ཡི་འདུག”ཅེས་ཉེ་ཆར་ནག་ཆུ་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཚེ་རིང་ལྷ་མོས་ལྷག་བསམ་ཟོལ་མེད་ངང་དེ་ལྟར་བརྗོད།
ད་ཆ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཡིན་པའི་ཚེ་རིང་ལྷ་མོས་1994ལོའི་ཟླ་7པར་སློབ་གསོའི་ལས་དོན་ལ་དགའ་ཞེན་ཆེན་པོ་བཅངས་ནས་སློབ་གསོའི་ལས་སུ་ཞུགས་ཤིང་། དམའ་འབྲིང་དུ་ལོ་3དང་། མཐོ་འབྲིང་དུ་ལོ་10 སློབ་ཞུགས་གོང་དུ་ལོ་6 དམིགས་བསལ་སློབ་གསོར་ལོ་11བཅས་སློབ་ཁྲིད་ལོ་30བྱེད་རིང་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་དཔེ་ཁྲིད་མི་སྐྱོང་གི་ལས་འགན་བློ་ལ་བརྟན་པོར་བཅངས་ཁར། “བརྩེ་བ་ཆེན་པོས་མི་སྣ་སྐྱོང་བའི”འདུ་ཤེས་རྒྱུན་འཛིན་གྱིས་ནག་ཆུའི་སློབ་གསོའི་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ནག་ཆུ་གྲོང་ཁྱེར་གྱི་སློབ་ཞུགས་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། དམིགས་བསལ་སློབ་གསོའི་རིགས་དབྱེའི་སློབ་གཉེར་བཅས་ཁྱབ་ཁོངས་གསུམ་གྱི་སྟོང་ཆ་སྔ་རྗེས་སུ་བསྐངས་ཡོད།
ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་ད་ཆ་དགེ་རྒན་42དང་སློབ་མ་108ཡོད་ཅིང་། དགེ་སློབ་ཀྱི་གྲས་སུ་རྒྱ་རིགས་དང་། བོད་རིགས། ཧོར་རིགས། འཇང་རིགས་སོགས་ཡོད། ཉེ་བའི་ལོ་ཤས་རིང་ཚེ་རིང་ལྷ་མོས་སློབ་གྲྭའི་སྣེ་ཁྲིད་དེ“ཆུ་འདྲེས་སློབ་གསོའི”རིག་གནས་སྤུས་རྟགས་བཏོད་ནས་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཀྱི་ལག་ལེན་ཁྲོད་འབད་འབུངས་ཡར་བརྩོན་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སློབ་གྲྭའི་ནང་སྔར་བས་རྣམ་པར་བཞད་པར་བྱས་ཡོད།
“ཆུ་འདྲེས་སློབ་གསོའི”རོགས་རམ་འོག་དམིགས་བསལ་གྱི་ཕྲུ་གུ་ཚོར“བསྐྱར་དུ་འཚོ་བའི་གཤོག་ཟུང”བྱུང་སྟེ། མདུན་སྐྱོད་ཀྱི་ལམ་བུ་དེ་བས་ཡངས་སུ་སོང་ལ་དེ་བས་མཛེས་སྡུག་ལྡན་པའི་རང་ཉིད་དང་ཐུག་འཕྲད་ཀྱང་བསྒར་ཏེ། མིག་སྔའི་བར་སློབ་གྲྭར་སློབ་མ་68ལས་ཞུགས(ལས་གཏོད)དང་། གྲལ་སྡོད་མཉམ་སྦྱོང་། དེ་བཞིན་སློབ་རིམ་འཕར་བ་བཅས་བྱུང་བ་དང་། དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་4དང་། ཨང་གཉིས་པ་ཐོབ་མཁན་8 ཨང་གསུམ་པ་ཐོབ་མཁན་5 ལྗོངས་ཡོངས་ཀྱི་ཀུན་སྤྱོད་ལེགས་པའི་ན་གཞོན་གྱི་མཚན་སྙན་ཐོབ་མཁན་3བཅས་བྱུང་ཡོད།
འདི་ལོའི་དགེ་རྒན་དུས་ཆེན་སྐབས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ། དགེ་རྒན་ཡོངས་ལ་སྤྲོ་སྣང་དོད་ཅིང་བརྗེད་པར་དཀའ་བའི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བར་བྱས་ཡོད།
“ཉིན་དེར་ལྷུ་ཚིགས་གཉིས་ལ་ང་མིག་ཆུ་དབང་མེད་དུ་ཤོར་བྱུང་། སློབ་ཁང་དུ་འཛུལ་མ་ཐག་ཕྲུ་གུ་ཚོས་རང་སོ་སོའི་ལག་པས་བཟོས་པའི་བཟོ་རྩལ་ཐོན་རྫས་ང་ལ་སྤྲོད་ཞོར་དུ‘རྒན་ལགས། དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ’ཞེས་སྒྲ་དག་ལ་མ་དག་གིས་བརྗོད་པ་ཐོས་མ་ཐག་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་དུང‘ལོ་ཟླ་ནི་གཞས་དང་འདྲ། ཁྱེད་ཀྱི་དྲིན་ནམ་ཡང་ཚོར’ཞེས་པའི་ལྷུ་ཚིགས་སུ་སློབ་སྤྱི་ཚེ་རིང་ལྷ་མོས་བྲིས་པའི་དུས་ཆེན་གྱི་རྟེན་འབྲེལ་ཤོག་བྱང་འབྱོར་བྱུང་། ཡིག་འབྲུ་རེ་རེ་ལས་བཀའ་དྲིན་དང་། ཐུགས་ཁུར། སྐུལ་ལྕག་བཅས་མཚོན་ལ། ནང་དོན་བབ་ཆགས་ཤིང་བརྩེ་དུང་ཟབ་མོའང་ལྡན། སློབ་སྤྱི་ཚེ་རིང་ལྷ་མོས་ལས་ལ་གཞོལ་ནས་ལོ་5དང་། ལོ་10 ལོ་15བཅས་ཕྱིན་ཡོད་པའི་དགེ་རྒན་ཚོར་རང་ཉིད་ནས་བྲིས་པའི་རྟེན་འབྲེལ་ཤོག་བྱང་སྤྲད་སོང”ཞེས་དམིགས་བསལ་སློབ་གསོའི་ལས་ལ་གཞོལ་ནས་ལོ་བཅུ་སོང་བའི་དགེ་རྒན་ཝུའུ་སུའུ་ཐིང་གིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བརྗོད།
“ཁོར་ཡུག་ནི་དགེ་རྒན་ཡག་ཤོས་ཤིག་རེད། བརྩེ་སེམས་ལྡན་པའི་ཁོར་ཡུག་ཁྲོད་ང་ཚོར་བརྩེ་བ་ཟབ་མོ་ཐོབ་སྲིད་པས་ང་ཚོའི་ཁྱིམ་ཚང་ཆེན་པོ་འདི་ཡང་ཞི་མཐུན་མཐུན་སྒྲིལ་ཡོང་ཐུབ”ཅེས་དང“ལོ་30ཡི་རིང་རྒྱུན་འཁྱོངས་བྱས་པ་བརྒྱུད་རང་ཉིད་ལ་གྲུབ་འབྲས་ཐོབ་པ་ནི་ནག་ཆུའི་སློབ་གསོ་དང་དམིགས་བསལ་སློབ་གསོ་ལས་བྱུང་བ་ཡིན་ལ། དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་སློབ་ཚོ་ལས་བྱུང་བ་དེ་བས་ཀྱང་ཡིན། བཀའ་དྲིན་དེ་ངས་སེམས་ལ་བརྟན་པོར་བཅངས་ནས་སྒུལ་ཤུགས་སུ་སྒྱུར་གྱི་ཡིན། 2022ལོར་རང་ཉིད་སློབ་གསོ་པུའི་དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་སྤྱི་གྲགས་ཅན་གསོ་སྐྱོང་འཆར་གཞིའི་ནང་ཚུད་པ་བརྒྱུད། རང་ཉིད་ཀྱི་གྲགས་ཅན་སློབ་སྤྱིའི་ལས་དོན་ཁང་བཙུགས་པ་ཡིན། གོམ་སྟབས་རྗེས་མར་ང་ཚོས་སློབ་གྲྭའི་ཁྱད་ཆོས་གཞིར་བཟུང་སློབ་གྲྭའི་འཕེལ་རྒྱས་ཐད་ལ་ཞིབ་བསྡུར་བྱས་ནས་ལག་ལེན་ལས་ཐོབ་པའི་སྔོན་ཐོན་ཉམས་མྱོང་དག་ཁུལ་ཁོངས་ནང་ཁྱབ་གདལ་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ལ། རང་ཉིད་ཀྱིས་ཀྱང་མི་རིགས་མཐུན་སྒྲིལ་གྱི་ས་བོན་ཕྲུ་གུ་ཚོའི་སེམས་ནང་མུ་མཐུད་བཏབ་ནས། ཁོང་ཚོར་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ལུགས་བསླབ་རྒྱུ་ཡིན”ཞེས་ཚེ་རིང་ལྷ་མོས་ཡང་བསྐྱར་བརྗོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)