《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月16日

གསེར་ཞུན་ལན་བརྒྱར་བྱུག་འདྲའི་སྟོན་གྱི་ལྗོངས་། སྐྱེ་འགྲོའི་ཡིད་སེམས་གསོ་བའི་སྨན་གྱི་མཆོག་།

① ལྷུན་གྲུབ་རྫོང་གི་ཞིང་འགྲམ་གྱི་གྲོང་མིའི་སྡོད་ཁང་།

② ལྷུན་གྲུབ་རྫོང་གི་རི་འདབས་སུ་ཆགས་པའི་གྲོང་ཚོ།

③ གཞུང་ལམ་གཡས་གཡོན་གྱི་སྟོན་ལྗོངས།

④ ལྷུན་གྲུབ་ཞིང་རའི་ཟུར་ཞིག

⑤ ལྷུན་གྲུབ་རྫོང་གི་སྟོན་བསྡུའི་རྣམ་པ།

⑥ ལྷུན་གྲུབ་རྫོང་གི་གྲོང་མིས་ཞིང་ལས་བྱེད་བཞིན་པ།

⑦ ལྷུན་གྲུབ་རྫོང་གི་མུའུ་ཁྲིའི་ཞིང་ས་གཤིན་པོ།

སྟོན་རླུང་བསིལ་བསིལ་དུ་ལྡང་བའི་དུས་ཚིགས་འདིར། ལྷ་སའི་ཉེ་འཁོར་དུ་ཆགས་པའི་ལྷུན་གྲུབ་རྫོང་གི་སྟོན་ལྗོངས་ལ་ལྟ་བར་འགྲོ་མཁན་ལྷག་པར་མང་།

གསེར་མདོག་ཅན་གྱི་ལྕང་གསེབ་ཏུ་དལ་བུར་སྐྱོད་སྐབས། བསིལ་རླུང་གིས་དེད་པའི་འདབ་མ་སེར་པོ་དག་གིས་རྐང་འོག་ནས་ཚག་སྒྲ་གྲགས་བཞིན་མཆིས། མཚམས་འདིར་ཁྱེད་ཀྱིས་འཛམ་གླིང་དང་མཉམ་དུ་སྟོན་དུས་ཁོ་ནར་དབང་བའི་རོལ་དབྱངས་ཤིག་ཀྱང་དཀྲོལ་བར་བྲེལ་སྲིད། ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོའི་གཙང་དཀར་ཚོགས་ཆུང་དུ་གནས་པའི་ལྕང་གླིང་དེ་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་40དང་ལྷུན་གྲུབ་རྫོང་གྲོང་དང་བར་ཐག་སྤྱི་ལེ་24ཆོད་ཅིང་། གྲོང་ཁྱེར་གྱི་ཨར་འདམ་ལྕགས་རྩིབ་མའི་སྦུག་སུབ་དོག་པའི་ཁང་པའི་ནང་སྡོད་རྒྱུར་གོམས་མཁན་ཚོའི་ངོས་ནས་བརྗོད་ན། དེ་གའི་རི་ཆུ་དག་ནི་མི་སེམས་གསོ་བའི་སྨན་མཆོག་ལྟ་བུ་ཞིག་རེད། པར་རྒྱག་རྒྱུར་དགའ་པོ་ཡོད་ནའང་འདྲ། ཡང་ན་ངལ་གསོ་དང་སྤྲོ་གསེང་བྱེད་དགོས་བསམ་ནའང་འདྲ། གང་ལྟར་འདི་གར་ནི་ཁྱེད་ཀྱི་གདམ་ག་ཡག་ཤོས་ཤིག་ལོས་ཡིན།

ལྷུན་གྲུབ་རྫོང་ལན་པ་གྲོང་ཚོར་གནས་པའི་སྐྱིད་གྲོང་སྒར་ས་དང་ལྷ་ས་གྲོང་ཁུལ་དབར་བར་ཐག་སྤྱི་ལེ་53ཡོད་པ་དང་། སྒར་སའི་ནང་ནགས་ས་མུའུ་198ཡོད།

རི་ཆུ་གཅིག་ལ་གཅིག་ཏུ་འབྲེལ་བའི་ལན་པ་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་དང་། ཞིང་འབྲོག་མཉམ་འདྲེས་ཀྱི་ཞིང་སྡེའི་མཛེས་ལྗོངས། དེ་བཞིན་སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་བཅས་ལས་དེ་གར་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་། རིག་གནས། ཡུལ་སྐོར་འཕེལ་རྒྱས་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ་དང་ཆབས་ཅིག ལན་པ་གྲོང་ཚོར་ལྷུན་གྲུབ་ཀྱི་རྫ་དཀར་བཟོ་རྩལ་དང“སྦྱིན་བདག་ལགས”བྱིས་པའི་དུས་ཆེན་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གཉིས་ཡོད།

ལྗོན་ཤིང་གི་བསིལ་གྲིབ་འོག་དུས་ཚོད་ཀྱི་འཁོར་རྒྱུན་དེ་བས་གསལ་ཞིང་། སྔོན་རབས་པ་ཚོས་འབད་འཐབ་བྱེད་མྱོང་བའི་ས་ཆ་འདིར་ཁྱེད་ཀྱིས་ཁོང་ཚོའི་མཚར་སྡུག་གི་ལང་ཚོ་ཚོར་སྲིད་ལ། ལྷུན་གྲུབ་ཞིང་རར་སྐྱོད་སྐབས“རྟ་ཕོར་རྒྱུག་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད”ཅེས་པ་དང“མེས་རྒྱལ་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་སར་སྐྱོད་པ”ཞེས་པའི་དྲིལ་བསྒྲགས་སྦྱར་ཡིག་དག་མཐོང་སྐབས་ངར་ཤུགས་ཀྱིས་ཕྱུག་པའི་ལོ་རབས་དག་མིག་ལམ་དུ་འཆར་འོང་།

ལྷུན་གྲུབ་ཞིང་ར་ནི་1966ལོར་བསྐྲུན་པ་དང་། དེ་སྔ་བོད་དམག་ཁུལ་ཁང་གི་ཐོན་སྐྱེད་འཛུགས་སྐྲུན་ཧྲི་ཤོག་གི་ཁོངས་སུ་གཏོགས་པ་དང་ལྷ་ས་སྐྱིད་ཆུའི་ཆུ་ལག་ཡིན་པའི་འཕན་པོ་ཆུ་བོའི་སྟོད་རྒྱུད་དུ་གནས་ཤིང་། དེའི་ས་བབ་སྨི་4000ཡན་ཟིན་པ་དང་། ས་གནས་དེ་གའི་ལས་བྱེད་པ་དང་། བོད་སྐྱོད་ལས་བྱེད་པ། གཞོན་ནུ་ཤེས་ཡོན་ཅན་བཅས་ཀྱིས་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་སྦོལ་ནས་བསྐྲུན་པ་ཞིག་རེད། ལོ་50ལྷག་ཙམ་གྱི་དཀའ་ཚེགས་ཀྱི་ལོ་ཟླ་བརྒྱུད། ལྷུན་གྲུབ་ཞིང་རའི་རྟེན་གཞིའི་ཁུལ་རྙིང་པར་ད་དུང་ཚོགས་ཁང་དང་། ཉལ་ཁང་། མཁོ་ཚོང་ཁང་སོགས་སྐྲུན་དངོས་7རང་སོར་གནས་ཡོད། འདི་ནས་ཁྱེད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་པར་རྙིང་པ་དང་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་བརྙན་ལམ་མང་པོ་མཐོང་ཐུབ་པས། ངལ་དུབ་དང་དཀའ་ངལ་ཁྱད་བསད་ཀྱི་སྤྱིར་བཏང་མིན་པའི་སྔར་སོང་གི་ལོ་ཟླར་སླར་ཡང་ལོག་པ་ལྟ་བུའི་སྣང་བ་ཞིག་སྦྱིན་ངེས།

ལྷུན་གྲུབ་རྫོང་ཐང་མགོ་ཤང་ཁོངས་སུ་གནས་པའི་རྭ་སྒྲེང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་160ཙམ་ཆོད་ཅིང་། ནགས་ཚལ་ཁྲོད་ཤྭ་བ་མཆུ་དཀར་དང་། གསའ། དོམ་ནག ཝ་མོ་སོགས་རི་སྐྱེས་སྲོག་ཆགས་མང་པོ་འཚོ་བཞིན་ཡོད། སྤྱི་གླིང་ནང་སྤྲོ་གསེང་དུ་བསྐྱོད་པ་ཕུད། ད་དུང་ཤུག་སྡོང་གིས་བསྐོར་བའི་རྭ་སྒྲེང་དགོན་དུའང་སྐྱོད་ཆོག