འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཐོན་ལས་མཉམ་འབྲེལ། ཁེ་ཕན་ཟུང་འབྲེལ་བཅས་ལ་དམ་འཛིན་ནན་པོ་བྱས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ལྟེ་བ་གཅིག་དང་ལམ་ཐིག་གཅིག”གི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཁ་གསལ་བཟོས་པར། 2023ལོའི་ཟླ་8པར། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་ཁས་ལེན་མིང་ཐོ་ཁག་དང་པོའི་ནང་བདེ་བླག་ངང་ཚུད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “ལྟེ་བ་གཅིག་དང་ལམ་ཐིག་གཅིག”གི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ནི་བྲག་ཆུ་གྲོང་རྡལ་ལྟེ་བར་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་318དང་ཞིང་ཆེན་ལམ་504ཡིས་ཐོན་ལས་བཀོད་པའི་ལམ་ཐིག་ལ་གཞིགས་ཏེ། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་གྱི་ལེགས་ཆ་གང་ལེགས་འདོན་པ་དང་། འགྲིམ་འགྲུལ་གྱི་གནས་མང་བ་དང་། ལམ་ཐིག་རིང་བ། ཁྱོན་ཆེ་བ་བཅས་ཀྱི་ལེགས་ཆར་བརྟེན་ནས་གནས་ཀྱིས་ལམ་ཐིག་མཐུད་པ་དང་ལམ་ཐིག་གིས་ཁྱོན་ཁྲིད་དེ་ས་ཁོངས་དཔལ་འབྱོར་ལ་སྐུལ་ཁྲིད་དང་སྣེ་ཁྲིད་ཀྱིས“ལམ་རྒྱུད་ཀྱི་དཔལ་འབྱོར”འཕེལ་རྒྱས་གཏོང་སྟངས་ཤིག་ཡིན་པ་རེད།
བྲག་ཆུ་གྲོང་རྡལ་གྱིས་ཐོན་ལས་དཔེ་སྟོན་གྲོང་རྡལ་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ། དེང་རབས་ཀྱི་ཐོན་ལས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པའི་ཁར། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ལས་སྟེགས་ཀྱི་ནུས་པ་ཡག་པོ་བཏོན་ནས། ཞིང་ཞོར་ཐོན་རྫས་སྤུས་དག་ཐོན་སྐྱེད་དང་ལས་སྣོན་གྱི་རྟེན་གཞི་བསྐྲུན་པ་རེད།
ཁྱད་ལྡན་ཐོན་ལས་ལ་མུ་མཐུད་རོགས་སྐྱོར་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར། སྣ་མང་ཅན་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སོགས་འཚོལ་ཞིབ་ཧུར་ཐག་བྱས་ནས། རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་སྔར་བས་སྐུལ་འདེད་བཏང་སྟེ། ཞིང་ལས་སྤུས་ཕན་གཉིས་ལྡན་དང་། གྲོང་གསེབ་གནས་འཕྲོད་ལས་འཚམ། ཞིང་འབྲོག་པ་ཕྱུག་པོ་ཆགས་པ་བཅས་ཡོང་བར་སྐུལ་མ་གཏོང་བཞིན་ཡོད།