《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་12ཉིན་གནས་ཚུལ་འབྱོར་གསལ། སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ་རེད། སྐོར་གཟིགས་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་དང་། ཚན་རྩལ་ཐིང་། སྤྱི་བདེ་ཐིང་། དམངས་སྲིད་ཐིང་སོགས་ཚན་པའི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་རེད། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཁག་སོ་སོས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་མ་འཚོགས་གོང་། སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐོར་གཟིགས་བྱ་ཡུལ་ཚན་པའི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོར་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། ཚོགས་འདུའི་ཐོག་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐུལ་སློང་གསུང་བཤད་གནང་ནས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་སྒོས་གོ་བ་གཏིང་ཟབ་ལེན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐོར་གཟིགས་ལས་དོན་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།

སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་ཚོས་ནན་བཤད་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། རེས་སྐོར་འདིའི་སྐོར་གཟིགས་ལས་དོན་གྱི་གཙོ་གནད་ལྟ་སྐུལ་གྱི་ནང་དོན་ཞིག་ཀྱང་རེད། སྐོར་གཟིགས་བྱ་ཡུལ་ཚན་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་ཏན་སྒོས་གོ་བ་གཏིང་ཟབ་ལེན་པ་དང་། འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས་ཚང་འཛོམས་གྲོས་ཚོགས་སུ་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དེའི་ནང་འཇོག་པ། ལས་དོན་དེའི་ནང་སྤེལ་བ་བཅས་མཐའ་འཁྱོངས་ཀྱིས་སྐོར་གཟིགས་ལྟ་སྐུལ་དང་ལེན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས།

སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་ཚོས་ནན་བཤད་བྱས་དོན། སྐོར་གཟིགས་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་དམིགས་པ་དང་། དབང་ཆ་དང་འགན་འཁྲིར་དམ་པོར་དམིགས་པ། “འགོ་ཁྲིད་པ་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཡོ་ཁྱད་འཚོལ་ཞིབ་གཏིང་ཟབ་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་འགན་ལེན་ནུས་པ་གང་ལེགས་འདོན་དགོས། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་མཐའ་འཁྱོངས་ཀྱིས་སྐོར་གཟིགས་བྱ་ཡུལ་ཚན་པའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། འགན་འཁྲི་དང་ལས་འགན་ལ་གཞི་ཚུགས་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང་། འགན་འཁྲི་འཁུར་བ་དང་ལས་འགན་སྒྲུབ་པ། ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་དང་སེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་སྐོར་གཟིགས་དང་རྩིས་བཤེར་སོགས་ཀྱི་ལྟ་སྐུལ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་རང་རྟོགས་ངང་མཐོ་རུ་གཏོང་བ་དང་བསམ་བློ་དང་བྱ་སྤྱོད་སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ནས་སྐོར་གཟིགས་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཡག་པོ་བྱ་རྒྱུ་ཡིན། སྐོར་གཟིགས་དང་ལེན་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ལ་བརྩིས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་མཐུད་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་སྐོར་གཟིགས་ལས་དོན་གྱི་ཕན་འབྲས་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལག་ལེན་ཁྲོད་དངོས་སུ་མངོན་པ་བཅས་བྱས་ནས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འབད་འཐབ་དམིགས་ཚད་མངོན་འགྱུར་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ཚན་པར་ཉིན་50ཙམ་ལས་དོན་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་ཆེད་མངགས་ལས་རེས་ཁ་པར་ཨང་གྲངས་དང་སྦྲག་སྲིད་ཡིག་སྒམ་དང་ཡིག་འབུལ་ཞུ་བཅར་གྱི་བསམ་འཆར་སྒམ་སོགས་ཡིག་འབུལ་ཞུ་བཅར་གྱི་ཐབས་ལམ་བཏོད་དེ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ཡིག་འབུལ་ཞུ་བཅར་བཅས་བདག་སྤྲོད་བྱ་རྒྱུ་དང་། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་རིགས་ཀྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་གཟིགས་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ་12ཚེས་26ཉིན་བར་ཡིན་པ་རེད།

(ཉི་དོན་དང་པད་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)