《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月14日

ས་མཐོའི་རྣམ་པ་གསར་པ།

སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་འཕྲིན་སྤེལ་ཚོགས་ཆུང་གིས།

ཉེ་ཆར། ཆབ་མདོ་གྲོང་ཁུལ་ནས་ཐོན་ཏེ་ཆུ་ཚོད་5ཙམ་རིང་གི་ཀྱག་ཀྱོག་ལམ་བུ་བརྒྱུད་བཅར་འདྲི་ཚོགས་ཆུང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ་དུ་འབྱོར།

རླངས་འཁོར་ཀྱག་ཀྱོག་གི་རི་ལམ་དུ་སྐྱོད་སྐབས། ང་ཚོ་ས་བབ་མཐོ་ཚད་སྨི་5200ཡོད་པའི་བོད་ཤར་ལྷོའི་ས་མཐོར་སླེབས་པ་དཔྱད་ཆས་ལས་མངོན། རླངས་འཁོར་གྱི་སྒེའུ་ཁུང་ནས་རྒྱང་ལྟ་བྱས་ཚེ་མཐོ་ཚད་སྨི་100ལྷག་ཙམ་ཡོད་པའི“རླུང་འཁོར་ཆེན་པོ”སྟར་པ་དང་སྟར་པ་བྱས་ཏེ་མིག་ལམ་དུ་འཆར། ཏ་ཐང་བོད་ལྗོངས་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིའི་མ་འཇོག་འཕེལ་རྒྱས་པུའི་གཙོ་གཉེར་བ་ཀྲོའུ་ཅ་ཆིང་གིས་དེ་ནི་དཔའ་ཤོད་ཀྱི་རླུང་གློག་རྣམ་གྲངས་རེད་ཅེས་ང་ཚོར་བཤད་བྱུང་།

རྣམ་གྲངས་དེ་བརྒྱུད་བོད་ཤར་ལྷོའི་ས་མཐོའི་རླུང་བུས་ནུས་རྒྱུ་གཙང་མའི་གློག་འོད་ཁྱིམ་ཚང་ཁྲི་སྟོང་མང་པོར་འཕྲོ་རྒྱུ་རེད།

རྣམ་པ་གསར་པ། དུས་ཚོད་དམ་འཛིན་བྱས་ནས་ས་མཐོར“རླུང་འཁོར་ཆེན་པོ” བཙུགས་པ།

བོད་ཤར་ལྷོའི་ས་མཐོར་ཉི་འོད་རབ་ཏུ་འཚེར་བའི་ཟླ་8པ་ནི་ལོ་གཅིག་ནང་ས་མཐོའི་གློག་ཤུགས་འཛུགས་སྐྲུན་པ་རྣམས་བྲེལ་བརྩོན་ཆེ་ཤོས་ཀྱི་དུས་རེད། ཕྱི་དྲོའི་ཆུ་ཚོད་2པར། བཅར་འདྲི་ཚོགས་ཆུང་དཔའ་ཤོད་རླུང་གློག་རྣམ་གྲངས་ཀྱི་འཕྲུལ་ཙུའུ་7པའི་ལས་ཡུལ་དུ་འབྱོར།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

“ད་ཆ་ནི་ཨར་ལས་བྱེད་པའི་དུས་ཚོད་ཡག་ཤོས་ཡིན་པས་དུས་ཚོད་ལ་དམ་འཛིན་བྱེད་དགོས”ཞེས་ཤའོ་ཤིང་ཡུང་གི་མཚེ་འཕྲིན་ནས་སྒྲ་མཚམས་མི་ཆད་པར་གྲགས་ཀྱི་འདུག འདི་ལོའི་ཟླ་4པར་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན་ལས་ཡུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ངལ་གསོ་རྒྱག་ཁོམ་བྱུང་མེད།

གནམ་གཤིས་ཀྱིས་ས་མཐོའི་རྣམ་གྲངས་ཀྱི་མྱུར་ཚད་ལ་ཤུཌ་རྐྱེན་ཐེབས་ཀྱི་ཡོད། ལས་ཡུན་ཡག་ཤོས་ནི་ཟླ་6པ་ནས་9པའི་བར་རེད།

ཕྱི་དྲོའི་ཆུ་ཚོད་3པར། རླུང་བུ་ལྡང་ནས་ལྕང་མ་ཡོམ་ཡོམ་བྱེད་པའི་སྒྲ་ཧྲག་ཧྲག་ཏུ་གྲགས་པ་དང་ཤའོ་ཤིང་ཡུང་གིས་སྤྲིན་་ནག་འཁྲིགས་པའི་ཐག་རིང་དུ་རྒྱང་ལྟ་བྱེད་བཞིན“ཆར་པ་འབབ་གྲབས་འདུག”ཅེས་བརྗོད་པས་རླུང་འཁོར་ཐོག་ལས་ཀ་བྱེད་མཁན་བཟོ་པ་ཚོས་ལས་ཀ་བྱེད་མཚམས་མ་འཇོག་ཀ་མེད་བྱུང་།

འགྱུར་ལྡོག་ཆེ་བའི་གནམ་གཤིས་ཕུད། ད་དུང་ཁོར་ཡུག་ངན་པ་ཁྱད་བསད་བྱེད་དགོས་ཀྱི་ཡོད། རླུང་ཤུགས་གློག་འདོན་རྣམ་གྲངས་ཁྲོད་སྤྱིར་བཏང་ས་བབ་མཐོ་ཚད་སྨི་3500ལས་བརྒལ་བའི་རྣམ་གྲངས་ལ་ས་བབ་ཧ་ཅང་མཐོ་བའི་རྣམ་གྲངས་ཞེས་བརྗོད་ཀྱི་ཡོད། དཔའ་ཤོད་ཀྱི་རླུང་ཤུགས་གློག་འདོན་རྣམ་གྲངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལས་བརྒལ་ཡོད། ཤའོ་ཤིང་ཡུང་གིས“དེ་ཐོག་ནས་ས་མཐོ་མི་འཕྲོད་པ་དེ་བས་ཚབས་ཆེ་བ་མཚོན་ཐུབ”རྣམ་གྲངས་དེར་སྤྱིར་ན་སི་ཁྲོན་དང་ཀུའེ་ཀྲོའུ་སོགས་ཀྱི་ས་བབ་མཐོ་བའི་རྣམ་གྲངས་ཁྲོད་ལས་ཀ་བྱེད་མྱོང་བའི་བཟོ་པ་བསྡུ་གི་ཡོད། དེ་ལྟར་བྱས་ནའང་ལས་ཡུལ་དུ་མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད་ཅེས་བཤད།

ལ་དུག་ནི་མི་ལ་ཕོག་པ་ཙམ་མ་ཟད་ད་དུང་སྒྲིག་ཆས་ལའང་ཕོག་གི་ཡོད།

ཀྲོའུ་ཅ་ཆིང་གིས“དེ་གར་མཁའ་རླུང་དཀོན་ལ་ཚ་སེལ་གྱི་ཆ་རྐྱེན་ཞན་པས་རླུང་གློག་འཕྲུལ་ཙུའུ་བརྟན་པོ་འཛུགས་མི་ཐུབ་པའི་ཁར། ད་དུང་ཐོག་རྒྱག་ཁུལ་དུ་གནས་པས་སྒྲིག་ཆས་ཀྱི་བདེ་འཇགས་རང་བཞིན་དང་བློས་འགེལ་ཆོག་པའི་རང་བཞིན་གྱི་རེ་བ་ཧ་ཅང་མཐོ་པོ་ཡོད། རྣམ་གྲངས་དུས་ཐོག་ཏུ་ལག་བསྟར་བྱ་ཆེད། རྣམ་གྲངས་ཚོགས་ཆུང་གིས་སྒྲིག་ཆས་ལེགས་འདེམས་ཞིབ་ཚགས་བྱས་པ་མ་ཟད། ད་དུང་ས་མཐོའི་ས་ཁུལ་གྱི་ཁྱད་ཆོས་གཞིར་བཟུང་ཇུས་འགོད་རབ་དང་རིམ་པ་བྱས་ཡོད”ཅེས་བཤད།

སྒྲིག་ཆས་སྐྱེལ་འདྲེན་གྱི་འགན་འཁུར་མཁན་ཧུའུ་ནན་ཏུང་ཧྲེང་ཟོག་འགྲུལ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་ཅིང་ལི་ཡོན་ཡུང་ལ་སྐྱེལ་འདྲེན་ཐད་དཀའ་ལས་དེ་བས་ཁག་པ་ཡོད་པའི་མྱོང་ཚོར་ཟབ་མོ་ཡོད། “རླུང་འཁོར་གྱི་སླ་ང་ལ་སྨི་110ཡོད་པ་དེ་ཐོག་སོ་30ལྷག་ཙམ་དང་མཚུངས་ཀྱི་ཡོད”ཡོན་ཡུང་གི་ངོས་ནས་བརྗོད་ན། བོངས་ཆེ་བའི་དངོས་པོ་དེ་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཆོད་པའི་ཅི་ལིན་སུང་ཡོན་ནས་བོད་ཤར་ལྷོའི་ས་མཐོར་དབོར་ནས་དཔྱང་འདེགས་ལྷུ་སྒྲིག་ཐུབ་པ་བྱ་རྒྱུ་དེ་ནི་འགྲན་སློང་ཞིག་རེད།

དཀའ་ངལ་མང་པོ་འཕྲད་རུང་རྣམ་གྲངས་འཛུགས་སྐྲུན་ཐད་མྱུར་ཚད་ཆག་མེད། ཀྲོའུ་ཅ་ཆིང་གིས“‘རླུང་འཁོར་ཆེན་པོ’དེ་དག་ཟླ་10པའི་ཟླ་མཇུག་ཏུ་སྤྱོད་རྒྱུ་རེད”རྣམ་གྲངས་བསྐྲུན་ཟིན་རྗེས་ལོ་གཅིག་ལ་ནུས་རྒྱུ་གཙང་མའི་གློག་ཏུའུ་དུང་ཕྱུར་2.23ཡན་གསར་དུ་འཕར་རྒྱུ་རེད། གལ་སྲིད་ཁྱིམ་ཚང་གཅིག་གིས་ལོ་ལྟར་གློག་ཏུའུ་1000སྤྱོད་པར་བརྩིས་ན་ཁྱིམ་ཚང་ཁྲི་20ལྷག་ཙམ་གྱིས་རྒྱུན་དུ་སྤྱོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

འགྱུར་ལྡོག་གསར་པ། རྣམ་གྲངས་མང་པོ་ཞིག་མགྱོགས་མྱུར་དོན་འཁྱོལ་ཐུབ་ནས་བོད་ཀྱི་ནུས་རྒྱུའི་གྲུབ་ཆར་འགྱུར་ལྡོག་ཕྱིན་པ།

དཔའ་ཤོད་ཀྱི་རླུང་གློག་རྣམ་གྲངས་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་དང་བོད་ཡོངས་སུ་རླུང་གློག་རྣམ་གྲངས་མང་པོ་ཞིག་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་གློག་གཏོང་འགོ་ཚུགས་བཞིན་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འོ་མ་དེང་དགེ་གྲོང་ཚོར་ཀྲོང་ངེར་གནས་པའི་རླུང་འཁོར་25དེ་དག་ཉིན་མཚན་ཀུན་ཏུ་འཁོར་སྐྱོད་བྱེད་བཞིན་འདུག གསེར་རྙེད་ཆུས་ཀྱི་ས་བབ་མཐོ་ཚད་སྨི་5000ཙམ་གྱི་རི་མཐོར་རྐོ་འདྲུའི་འཕྲུལ་འཁོར་འགའ་ཞིག་གིས་ལས་ཀ་བྱེད་བཞིན་ཡོད་ཅིང་། དེ་གར་ནི་སྐྱིད་མཚོའི་ཀྲའོ་ཝ་བརྒྱའི་རླུང་གློག་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཤིག་དང་འཛམ་གླིང་ཐོག་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གསོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་གནས་པའི་བོད་ལྗོངས་མཚོ་སྨད་གྲི་གུ་རླུང་གློག་ར་བ་ནི་རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་གསར་སྤེལ་ལག་རྩལ་ཞིབ་འཇུག་དང་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་རེད།

“བོད་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་དམིགས་བསལ་གྱི་ས་དབྱིབས་ལས་དེར་ཁྱད་དུ་འཕགས་པའི་རླུང་ནུས་ཐོན་ཁུངས་ལྡན་ཡོད”དཔའ་ཤོད་རླུང་གློག་རྣམ་གྲངས་ཀྱི་འགན་འཁུར་བ་ཝང་ཧུང་ལང་གིས། ཚོད་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། བོད་ཀྱི་རླུང་ནུས་ཐོན་ཁུངས་སྐར་ཆ་རེར་སྨི་7ཡན་ཟིན་པའི་ས་ཁོངས་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་གྱི་30%བཟུང་བ་དང་ལག་རྩལ་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར་1.8ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བོད་ཀྱི་ནུས་རྒྱུའི་གྲུབ་ཆ་གཙོ་བོ་ཆུ་གློག་ཡིན་མོད། འོན་ཀྱང་ཆུ་གློག་ལ“དབྱར་མང་དགུན་དཀོན”གྱི་དུས་འཁོར་རང་བཞིན་ལྡན་པས་རླུང་གློག་དང་འོད་ཤུགས་སོགས་རྣམ་གྲངས་འཛུགས་སྐྲུན་བྱས་པ་དེས་ཆུ་གློག་དང་ཕན་ཚུན་གསབ་རེས་ཐུབ་ནས་གློག་ཤུགས་མཁོ་སྤྲོད་བརྟན་པོ་དང་རྒྱུན་མཐུད་ཡོང་བར་འགན་ལེན་ཐུབ་པ་མ་ཟད། བོད་ཀྱི་ནུས་རྒྱུའི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ཡོད།

གླེང་རིན་ཡོད་པ་ཞིག་ནི་འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་འབྲི་ཆུའི་སྟོད་རྒྱུད་དང་བོད་ཀྱི་ཤར་ལྷོ་སོགས་ནུས་རྒྱུ་གཙང་མའི་རྟེན་གཞི་དང་དེ་བཞིན་གློག་ཤུགས་ཕྱིར་གཏོང་བགྲོད་ལམ་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

སྲིད་ཇུས་ཀྱི་མཐུན་རྐྱེན་ལས་ས་གནས་ཀྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སྔར་བས་འཕེལ་ཡོད། དཔའ་ཤོད་ཀྱི་རླུང་གློག་རྣམ་གྲངས་དང་ཐག་མི་རིང་བའི་རི་ཁྲོད་ཡོངས་སུ་འོད་ཤུགས་པང་ལེབ་ཀྱིས་ཁེངས་ཡོད། “དེ་ནི་ང་ཚོས་བསྐྲུན་པའི་ཆབ་མདོའི་ས་མཐོའི་སྐྱེ་ཁམས་འོད་ཤུགས་གློག་གཏོང་རྟེན་གཞི་རེད”ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་འབྱུང་འགྱུར་ཆབ་མདོ་གྲོང་ཁྱེར་གྱིས་རླུང་གློག་དང་འོད་གློག་སོགས་ནུས་རྒྱུ་གཙང་མ་གསར་སྤེལ་ལ་ཧུར་ཐག་ཞུགས་ཏེ་འབྲེལ་ཡོད་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཤར་ལྷོར་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུ་ཡིན་ཞེས་བཤད།

(བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)