འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་ལས་སྟེགས་ལ་བརྟེན་ནས་བོད་ཀྱི་མ་འཇོག་སྐུལ་སྤེལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྒོ་དབྱེ་རྣམ་པའི་གླིང་ཁུལ་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་ཏེ་ལྗོངས་ཕྱི་ནང་གི་ཁེ་ལས་50ཙམ་གདན་དྲངས་པ་དེ་དག་སྐྱེ་དངོས་གསོ་རིག་དང་། མཐོ་གསར་ལག་རྩལ། དངུལ་རྩའི་འགན་བཅོལ། བཟའ་བཅའ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་དང་། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ། གཞིས་རྩེ་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས། དཔལ་འབྱོར་གསར་སྤེལ་ཁུལ། སྐྱིད་གྲོང་མཐའ་མཚམས་མཉམ་ལས་ཁུལ་བཅས་ཀྱིས་སྔ་རྗེས་སུ་འོས་སྦྱོར་བྱས་ཤིང་། སྲིད་ཇུས་གསལ་འགྲེལ་དང་། རྣམ་གྲངས་ཁྱབ་གདལ། ངོ་འཕྲད་གྲོས་མོལ་སྦྲེལ་མཐུད་སོགས་ཀྱི་བྱ་ཐབས་བརྒྱུད། འདོད་མཐུན་ཁེ་ལས་ལ་བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཤེས་རྟོགས་བྱེད་དུ་བཅུག་པ་དང་། སྤུས་ལེགས་ཁེ་ལས་བོད་དུ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་པ། ལྗོངས་ཕྱི་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་བ་རེད།