འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། གྲོང་མིའི་ཤེས་དཔལ་བྱང་ཚད་སྔར་བས་མཐོ་རུ་བཏང་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་གཏོད་ཆེད། ཟླ་11ཚེས་2ཉིན། ཆབ་མདོ་གྲོང་ཁྱེར་གྱིས་ཐེན་ཅིན་ཐང་ཆེན་དུ“ཤེས་དཔལ་ལག་ལེན་གྱིས་སྲོལ་གསར་སྐྱོང་བ་དང་གོམས་སྲོལ་བསྒྱུར་ནས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཆེན་པོ་བཅུའི་སྐུལ་སྤེལ་མཛད་སྒོ་འཚོགས་པ་རེད།
སྐུལ་སྤེལ་མཛད་སྒོ་དེ་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་ཁྲོད་འགོ་ཚུགས་ཤིང་། སློབ་མ་ཚོས་སྤྲོ་སེམས་འཁོལ་པོས《ཤེས་དཔལ་གྱི་བསྟོད་གླུ》གྱེར་འདོན་བྱས་པ་དང་། ལས་བྱེད་པ་རྒན་གྲས་ཚོས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལུས་སྦྱོང་ཞབས་བྲོ་འཁྲབ་ནས་ཧུར་བརྩོན་ཡར་ཐོན་གྱི་འཚོ་བའི་ཉམས་འགྱུར་མངོན་པར་བྱས་པ་རེད།
རིག་རྩལ་འཁྲབ་སྟོན་ཁྲོད་ཤེས་དཔལ་སྐོར་གྱི་ཤེས་བྱར་བྱ་དགའ་ཡོད་པའི་ལན་འདེབས་པ་དེས་གྲོང་མི་མང་པོའི་ཡིད་དབང་བཀུག་པ་དང་ཚང་མས་མཉམ་འགུལ་བྱེད་ཀྱིན《ཆབ་མདོ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ནང་གི་ཤེས་དཔལ་བྱ་སྤྱོད་ཀྱི་ཚད་གཞི་སོགས་ཀྱི་ནང་དོན་སློབ་སྦྱོང་བྱས་པ་རེད།
ཁ་རུབ་ཆུས་སློབ་ཆུང་དང་པོའི་སློབ་མ་ཡེ་ཤེས་དབང་ཕྱུག་གིས་དགའ་ཚོར་ཆེན་པོས“ད་ཐེངས་ཀྱི་བྱེད་སྒོར་དོན་སྙིང་ཧ་ཅང་ཆེན་པོ་འདུག ཤེས་བྱ་འགྲན་བསྡུར་བྱས་པ་བརྒྱུད་ང་ཚོས་ཡ་རབས་གུས་སྲོལ་གྱི་ཤེས་བྱ་མང་པོ་ཤེས་པ་མ་ཟད། ཤེས་དཔལ་བྱ་སྤྱོད་ཀྱི་གལ་ཆེའི་རང་བཞིན་ཡང་ཤེས་བྱུང་། སློབ་མ་ཞིག་གི་ངོས་ནས་བརྗོད་ན་ང་ཚོས་རང་ཉིད་ནས་འགོ་བཙུགས་ཏེ་གུས་ཞབས་དང་བྱང་ཚད་ལྡན་པའི་མི་ཞིག་བྱེད་དགོས”ཞེས་བཤད།