《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年11月03日

༄༅། །གཞོན་པའི་སྣང་བ།

གཞི་ཚང་ཟླ་བ་གྲགས་པ།

གནམ་སྔོན་པོ་གཡུ་ཡི་བླ་བྲེ། །

བྱ་རྒོད་པོ་གར་ལ་རྩེན་ས། །

སྤྲིན་ནག་པོའི་ཡོ་ལང་མ་རྒྱས། །

དགུང་ཉི་ཟླའི་འོད་སྣང་བར་ན། །

ཕོ་གཞོན་པའི་རྨི་ལམ་སྦས་ཡོད། །

ངའི་ལྷ་བྱ་ཁྲུང་ཁྲུང་དཀར་མོ། །

དགུང་ནམ་འཕང་བཅད་ནས་མ་འགྲོ། །

མཐོངས་འདི་ལ་ལྡིང་སྐོར་རྒྱག་རོགས། །

དགུང་ནམ་འཕང་བཅད་ནས་འཕུར་ན། །

དགུང་ཉི་མ་མཁའ་ནས་ཤར་ཡང་། །

ངའི་སེམས་པ་དྲོས་ས་མ་རེད། །

རི་མཐོན་པོ་གནམ་གྱི་ཀ་བ། །

གཡུང་རི་དྭགས་བག་ཕེབས་རྒྱུ་ས། །

རྡོ་གཡའ་མས་ཕྱི་ནང་མ་བཏུམས། །

གསོས་བདུད་རྩི་ཆུ་མིག་ཁྲོད་ན། །

ཕོ་གཞོན་པའི་ལང་ཚོ་ལུས་ཡོད། །

ངའི་རི་དྭགས་ཤྭ་བ་ཡུ་མོ། །

རི་ཉག་ག་བརྒྱུད་ནས་མ་འགྲོ། །

གནས་དབེན་པའི་སྐྱིབས་ལ་བཞུགས་རོགས། །

རི་ཉག་ག་བརྒྱུད་ནས་སོང་ན། །

རི་ལྷུན་པོ་སྨྲེང་བའི་ཟོལ་གྱིས། །

སྤྲིན་སྨུག་པས་བཏུམས་ན་སྐྱོ་གིས། །

མཚོ་ཆེན་པོ་གཡུ་ཡི་མེ་ལོང་། །

ཉ་གསེར་མིག་རྐྱལ་རྩལ་ངོམ་ས། །

འོག་རྨང་གཞི་བྲག་གིས་བཟུང་ཡོད། །

མཚོ་སྔོན་པོའི་རླབས་རྒྱུན་ཁྲོད་དུ། །

ཕོ་གཞོན་པའི་སེམས་པ་ཆགས་ཡོད། །

ངའི་གསེར་མིག་ཉ་མོ་ཆུང་ཆུང་། །

མཚོ་བསྐྱུར་ནས་ཀླུང་ལ་མ་འགྲོ། །

མཚོ་འདི་ལ་རྟག་ཏུ་འཁོར་རོགས། །

མཚོ་བསྐྱུར་ནས་ཀླུང་ལ་སོང་ན། །

ཉ་སྲོག་ཆགས་མེད་པའི་མཚོ་མོ། །

གཏིང་ཟབ་རུང་སྙིང་པོ་མི་འདུག །

ཐང་ཡངས་མོ་ལྗང་མདོག་རྩྭ་ཐང་། །

འབྲི་ཐུལ་མའི་འཕེལ་ཁ་དར་ས། །

ཞོ་འོ་མའི་རྒྱ་མཚོ་འཁྱིལ་ས། །

སྤང་ཁྲ་ཚོམ་མེ་ཏོག་གསེང་དུ། །

ཕོ་གཞོན་པའི་རྨི་ལམ་བཅོལ་ཡོད། །

ངའི་གཡང་ཟོག་ཁྱིམ་གྱི་ནོར་བུ། །

ཐང་གཡེལ་མོ་བསྐྱུར་ནས་མ་འགྲོ། །

རྩྭ་རྩི་ཐོག་དཀྱིལ་ལ་འཁོར་རོགས། །

ཐང་གཡེལ་མོ་བསྐྱུར་ནས་སོང་ན། །

རླུང་ལྷགས་པས་འདབ་མ་བསྒུལ་ཏེ། །

སྤང་མེ་ཏོག་རླུང་གིས་གཏོར་འགྲོ། །