《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月31日

ལྗོངས་ཡོངས་ཀྱི་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན། ལྗོངས་ཡོངས་ཀྱི་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་གི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་དང་། གཞི་རིམ་བཅོས་སྐྱོང་དང་མེ་ཟོན་བདེ་འཇགས་སྐོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་བཀོད་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་ཉམས་མྱོང་དཔེ་སྟོན་ཁྱབ་གདལ་དང་རང་ལྗོངས་ཀྱི་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྔར་བས་སྐུལ་འདེད་ཀྱིས་ལྗོངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རེན་ཝུའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རེན་ཝུའེ་ཡིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་བབ་གསལ་རྟོགས་དང་འགག་རྩར་དམིགས་ནས་གཞི་རིམ་གྱི་མེ་ཟོན་སྟོབས་ཤུགས་འཛུགས་པ་དང་རྒྱ་ཆེར་བཏང་སྟེ། “བྱེད་སྒོ་སྤེལ་ཡུལ་ཆུང་ངུ་དགུ”དང་། སྒེར་ཁང་། རིག་གནས་གནའ་བོའི་འཛུགས་སྐྲུན། སློབ་གྲྭ་སོགས་གཙོ་གནད་བྱེད་སྒོ་སྤེལ་ཡུལ་དང་། གློག་དང་མེ་ཚད་ལྡན་མི་སྤྱོད་པ་དང་གློག་རླངས་རིགས་ཀྱི་མེ་སྐྱོན་ཐོན་སླ་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ། དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ཡག་པོ་སྤྱོད་པ་དང་སྤྱོད་མཁས་པོ་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་རིག་གནས་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་པ་དང་། འགན་འཁྲི་ནན་དུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་ལས་འགན་དང་། བྱ་ཐབས། འགན་འཁྲི་བཅས་དོན་འཁྱོལ་གནད་སྨིན་ཡོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ། ཆུ་ཚད་མཐོ་བའི་མེ་ཟོན་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

ཚོགས་འདུ་མ་འཚོགས་གོང་། ཚོགས་ཞུགས་མི་སྣས་ས་གནས་ས་ཐོག་ཏུ་རིག་དངོས་ཀྱི་གནའ་བོའི་བཟོ་སྐྲུན་གྱི“རིག་ལྡན་མེ་ཟོན”འཛུགས་སྐྱོང་དང་། སྨན་ཁང་དང་། སྡེ་ཁུལ་ཆུང་ངུ་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི། གཞི་རིམ་གྱི་ཁྲོམ་གཞུང་སོགས་མེ་ཟོན་བདེ་འཇགས་བཅོས་སྐྱོང་དཔེ་སྟོན་ས་ཚིགས་ལ་ལྟ་སྐོར་བྱས་པ་རེད།