《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月31日

སེམས་ནུས་ཡོད་རྒུས་བོད་སྐྱོར་ལས་ལ་གཞོལ་མཁན་ཐེན་ཅིན་གྲོང་ཁྱེར་གྱི་ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་ཏུང་ཝེ་ཅུན།

2022ལོའི་ཟླ་7པར། ཐེན་ཅིན་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་། སྐབས་དེ་དུས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པ་ཏུང་ཝེ་ཅུན་གྱི་བོད་སྐྱོར་ལས་དོན་མཇུག་འགྲིལ་བ་རེད། སྐབས་དེར། ཁོང་གི་ཨ་མ་འབྲས་སྐྲན་ནད་ཀྱི་དུས་མཇུག་ཡིན་པ་ཤེས་པ་དང་། རྫོང་གི་རྣམ་གྲངས་ཁག་གཅིག་ད་དུང་སྒྲུབ་བཞིན་ཡོད་ལ་གོ་འཇོ་རྫོང་གི་མང་ཚོགས་ཡིད་ལ་འཁོར་སྐབས། དུས་ཡུན་ཐིམ་ནས་ཁ་འབྲལ་ཉེར་ཡོད་པའི་ཁོང་ཐེ་ཚོམ་གྱི་གནས་སུ་གྱར། བསམ་བློ་ཡང་ཡང་བཏང་རྗེས་ཁོང་གིས་རྩ་འཛུགས་ལ་བོད་སྐྱོར་གྱི་དུས་ཡུན་ཁག་ཐེངས་གཅིག་རིང་དུ་གཏོང་རྒྱུའི་རེ་བ་ཞུས་ཤིང་། ཁོང་གི་བསམ་ཚུལ་དེར་ཁྱིམ་མིས་རྒྱབ་སྐྱོར་ཡང་བྱས་པ་རེད། 2022ལོའི་ཟླ7པར་ཏུང་ཝེ་ཅུན་གྱིས་ཐེན་ཅིན་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་གོ་འཇོ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གི་ངོས་ནས་ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་ཆུས་ཀྱི་གོ་འཇོ་རྫོང་རོགས་སྐྱོར་ལས་དོན་མུ་མཐུད་གཙོ་སྐྱོང་བྱས་པ་རེད། བོད་སྐྱོར་ལོ་5ཡི་རིང་། ཏུང་ཝེ་ཅུན་གྱིས་རང་ཉིད་ཀྱི་སེམས་ནུས་ཡོད་ཚད་གོ་འཇོའི་ཡུལ་ལུང་དུ་བཏོན་པ་རེད།

གཞི་རིམ་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ།

2019ལོའི་7ཚེས9ཉིན། ཏུང་ཝེ་ཅུན་གྱིས་ཐེན་ཅིན་གྲོང་ཁྱེར་ཉིང་ཧོ་ཆུས་བོད་སྐྱོར་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་གོ་འཇོ་རྫོང་དུ་འབྱོར། གོ་འཇོ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ཏུང་ཝེ་ཅུན་བོད་དུ་སླེབས་རྗེས་ཀྱི་ལས་འགན་དང་པོ་ནི་ཁག་གོང་མའི་བོད་སྐྱོར་ལས་བྱེད་པ་དང་ལས་དོན་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་དེ་རེད། དེ་དུས་གོ་འཇོ་རྫོང་ནི་བོད་ཀྱི་ཤིན་ཏུ་དབུལ་བའི་རྫོང་44གྲས་ཡིན་ལ་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་149ཁྲོད་ཤིན་ཏུ་དབུལ་བའི་གྲོང་ཚོ་131ཡོད། དེ་ཡང་ལོ3གྱི་རིང་གོ་འཇོ་མི་དམངས་ལ་བྱ་བ་དངོས་བསྒྲུབས་ནས་ཇི་ལྟར་ཡུལ་དེ་གའི་མི་དམངས་ཀྱི་འཚོ་བ་ལེགས་སུ་ཏན་ཏིག་གཏོང་བ་དང་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། ཏུང་ཝེ་ཅུན་གྱིས་བསམ་བློ་གཏོང་བའི་གནད་དོན་དུ་གྱུར། གང་མྱུར་གནས་ཚུལ་ཁོང་དུ་ཆུད་པར་བྱ་ཆེད། ཏུང་ཝེ་ཅུན་གྲོང་ཚོར་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་ཅིང་། གོ་འཇོའི་རི་བོ་དང་། གཙང་པོ། སྤང་ཐང་བཅས་བརྒལ་ནས་གོ་འཇོའི་མི་སེར་གྱི་ཁྱིམ་དུ་ཕྱིན་ཏེ་མང་ཚོགས་ཀྱི་བདེ་སྡུག་སྐོར་གང་ལེགས་རྟོགས་པར་བྱས་མཐར་བོད་སྐྱོར་ལས་དོན་ཇི་ལྟར་སྒྲུབ་པའི་ཐད། ཏུང་ཝེ་ཅུན་གྱི་སེམས་ལ་རིམ་གྱིས་ངེས་ཤེས་གསལ་པོ་ཞིག་བྱུང་།

ཐབས་བརྒྱ་ཇུས་སྟོང་གིས་དམངས་ཀྱི་སེམས་ཁྲལ་བསལ་བ།

ལྷ་རྒྱལ་ཤང་གི་ཆུ་ཁ་གྲོང་ཚོར་དུད་ཁྱིམ་27དང་མི་150ལྷག་ཙམ་ཡོད། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་གྲོང་ཚོ་དེར་འབྲོག་ར་མེད་ལ་ས་ཞིང་ཡང་མེད་པས་མང་ཚོགས་ལ་ཧ་ལམ་ཡོང་འབབ་གསོག་ཁུངས་མེད་པའི་ཁར། གྲོང་ཚོའི་ཁང་ཁྱིམ་དག་རི་ལྡེབས་སུ་བསྐྲུན་ཡོད་པ་དང་། གྲོང་མི་ཕལ་ཆེ་བ་རྡོ་བརྩིགས་ཀྱི་ཁང་པར་སྡོད་ཀྱི་ཡོད་ལ་ཁང་པ་ཁག་གཅིག་ཉེན་ཁང་དུ་གྱུར་ཡོད། གྲོང་མིའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་ཆེད། ཉིང་ཧོ་ཆུས་ཀྱིས་མ་དངུལ་སྒོར་ཁྲི1700བཏང་བ་དང་གོ་འཇོ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གྲོང་མིའི་ཁང་པ་ཉམས་བཟོའི་འགན་ཁུར་བ་རེད། ཉམས་བཟོའི་ཇུས་གཞི་གཏན་འཁེལ་བྱེད་སྐབས་ཏུང་ཝེ་ཅུན་གྱིས་གྲོང་མིར་ཐོག་སོ་གཉིས་ལྡན་གྱི་ཁང་པ་བསྐྲུན་རྒྱུ་དང་ཐོག་སོ་དང་པོ་ཚོང་ཁང་ཆུང་ངུ་བསྐྲུན་རྒྱུའི་བསམ་ཚུལ་བཏོན་པ་རེད།

“བསམ་ཚུལ་དེ་འདྲ་ཡོད་དོན་ནི་གྲོང་ཚོའི་ཉེ་འཁོར་གྱི་གོ་འཇོ་ནས་བྲག་གཡབ་ཀྱི་གཞུང་ལམ་བསྐྲུན་འགོ་ཚུགས་པས་རེད། ཞིང་ཆེན་རིམ་པའི་གཞུང་ལམ་གོ་འཇོ་ནས་བྲག་གཡབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཡུལ་ལྗོངས་ལྟ་ན་སྡུག་པའི་ཆུ་ཁ་གྲོང་ཚོར་ཡུལ་སྐོར་བ་མང་པོ་སླེབས་སྲིད་པ་དང་། ཆུ་ཁ་གྲོང་ཚོས་ཁྱད་ཆོས་དེར་བརྟེན་ནས་ཡུལ་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་ཐུབ”ཅེས་ཏུང་ཝེ་ཅུན་གྱིས་བརྗོད།

2023ལོའི་ལོ་མཇུག་ཏུ་ལས་དོན་ཚོགས་ཆུང་གིས་ཆུ་ཁ་གྲོང་ཚོར་གླིང་ག་བསྐྲུན་པ་མ་ཟད། ཐེན་ཅིན་གྱི་ཁེ་ལས་ཤིག་ལ་འབྲེལ་གཏུག་བྱས་ཏེ་ཆུ་ཁ་གྲོང་ཚོར་མ་དངུལ་བཏང་ནས་རླངས་འཁོར་འཁྲུད་ས་ཞིག་བཙུགས་པ་དང་ཆུ་ཁ་གྲོང་ཚོར་ཡུལ་སྐོར་ཐོན་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་རེད།

བྱེད་ཐབས་སྣ་མང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

“དམངས་ཀྱི་འདོད་པ་བསྟུན་པའི”སེམས་དྲོས་འདུ་འགོད་ཡག་པོ་སྒྲུབ་ཆེད། ཏུང་ཝེ་ཅུན་གྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་ཡག་པོ་དམ་འཛིན་བྱས་ཏེ། ཨར་སྐྲུན་ཚན་པ་དང་འབྲེལ་བ་ཧུར་ཐག་བྱས་ནས་གོ་འཇོ་རྫོང་གི་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཁ་ཤས་ལ་གཞོགས་འདེགས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པ་རེད།

ཁོང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ཉིང་གོས་མཉམ་དུ་ཕུགས་འདུན་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་གྱི“གཅིག་རེ་བཞིའི”བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། བོད་སྐྱོར་དགེ་རྒན5བཀོད་སྒྲིག་བྱས་ནས་གོ་འཇོ་རྫོང་གི་དགེ་རྒན་དང“ཆ་སྒྲིག”བྱས་པར་བརྟེན། གོ་འཇོ་རྫོང་གི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་རེད།

བོད་སྐྱོར་བྱས་ནས་ལོ་5ཡི་རིང་། ཏུང་ཝེ་ཅུན་གྱིས“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པའི”འབད་འཐབ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་རོགས་སྐྱོར་དང་ཞིང་པར་འབབ་འཕར་གཏོད་པ་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བས་2020ལོའི་ཐེན་ཅིན་གྲོང་ཁྱེར་གྱི་དབུལ་སྐྱོར་རོགས་ལས་དང་རོགས་སྐྱོར་མཉམ་ལས་ཀྱི་སྔོན་ཐོན་མི་སྒེར་དང་2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད། ལོ་5ཡི་རིང་ཏུང་ཝེ་ཅུན་གྱི་སྐྲ་མང་པོ་བྱི་བ་དང་ངོ་གདོང་ཡང་དམར་སྨུག་ཏུ་གྱུར་པ་དང་། རྩམ་པ་དང་། ཚགས་ཤ་སྐམ་པོ། ཇ་བསྲུབས་མ་བཅས་ལ་དགའ་རུ་སོང་བ་མ་ཟད། ཐ་ན་བོད་གཞས་ཁ་ཤས་ཀྱང་ཤེས་ནས་ས་མཐོའི་སྟེང་འཚོ་བ་སྐྱེལ་མཁན་ཞིག་ལྟར་ཆགས་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)