《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月31日

ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་བ།

ཟླ་10ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སི་ཐུའུ་པུའུ་དང་སྐུ་ཟླ་སུའུ་ཧྲན་ནཱ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་དང་གྲོས་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཧྥིན་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། ཀྲུང་གོ་དང་སྲིད་གཞུང་དབར་གྱི་ཚོང་དོན་ཆོད་ཡིག་བཞག་པའི་ནུབ་ཕྱོགས་རྒྱལ་ཁབ་ཨང་དང་པོ་དེ་ཡང་རེད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་གོ་དང་ཧྥིན་ལན་གྱིས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་མཉམ་གནས་དང་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་ལོ་རྒྱུས་དང་། རིག་གནས། ལམ་ལུགས་བཅས་ཀྱི་ཁྱད་པར་ལས་བརྒལ་ཏེ་འདྲ་མཉམ་འགྲོ་འོང་བྱེད་པའི་དཔེ་མཚོན་བཏོད་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་དུ་འགྲོ་བཞིན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ཀྲུང་གོ་དང་ཧྥིན་ལན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པར་དམིགས་བསལ་གྱི་རིན་ཐང་དེ་བས་མངོན་གསལ་དོད་པོ་ལྡན་པས་སྔར་ལས་ལྷག་པའི་གཅེས་སྤྲས་དང་དར་རྒྱས་གོང་འཕེལ་གཏོང་རིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཛའ་གྲོགས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ། ཀྲུང་གོ་དང་ཧྥིན་ལན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཡག་པོ་སྐྲུན་པ་བཅས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་སྐྱོན་བྲལ་དང་བརྟན་པོ་འགྲོ་བའི་རྒྱུ་རྐྱེན་གལ་ཆེ་ཤོས་ནི་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱ་ཡུལ་ལ་ལྟ་རྟོག་བྱེད་པ་དེ་རེད། ཀྲུང་གོ་དང་ཧྥིན་ལན་གྱི་དངོས་སྒྲུབ་མཉམ་ལས་འགོ་འཛུགས་སྔ་བ་དང་། གྲུབ་འབྲས་མང་བ། མངོན་མེད་སྟོབས་ཤུགས་ཆེ་བ་བཅས་ཡོད། མི་རིང་བའི་གོང་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་འདིས་ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོའི་མཉམ་ལས་དང་དེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་སྣོན་ངེས་རེད། ཧྥིན་ལན་ཕྱོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཧུར་ཐག་ཞུགས་ནས་ལྗང་མདོག་ཕྱོགས་སྒྱུར་དང་། ཆ་འཕྲིན་ལག་རྩལ། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཉིས་ཕན་ཀྱི་རྣམ་པ་གསར་པ་གཏོད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་འདོད་ཡོད། ཧྥིན་ལན་ཕྱོགས་གཅིག་ཁོ་ནའི་རྒྱལ་ཁོངས་ཀྱི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུའི་ཐག་བཅད་པ་ཡིན། ཧྥིན་ལན་གྱི་གྲོགས་པོ་དེ་བས་མང་པོ་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར། སློབ་སྦྱོང་བཅས་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོས་ཞི་བདེར་དགའ་ཞེན་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་དར་སྤེལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། མི་ཐབས་རིག་ནུས་བཅོས་སྐྱོང་སོགས་ཀྱི་གནད་དོན་ལ་ཁ་གཏད་གཅོག་པའི་འབྲེལ་མཐུད་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་སྐྱོན་བྲལ་དང་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་བཏོན་ཏེ། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཕན་ཚུན་སྐུལ་འདེད་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་པའི་རེ་བ་ཡོད།

སི་ཐུའུ་པུའུ་ཡིས་གསུངས་དོན། ཙུང་ཐུང་གི་འགན་ཁུར་ནས་ཡུན་རིང་མ་སོང་བར་ཀྲུང་གོར་འཚམས་འདྲིར་ཡོང་ནས་ལོ་14སོང་རྗེས་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཕྲད་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། སྐབས་དེ་ནས་བཟུང་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ཀྲུང་གོར་མི་རྣམས་ཧང་སངས་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་74སོང་ཚུན། ཧྥིན་ལན་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ལྷག་བསམ་རྣམ་དག འདྲ་མཉམ་སྐད་ཆ་ཤོད་རེས་བཅས་བྱས་པས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་རྒྱུན་འཁྱོངས་ཐུབ་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཕྱིན་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱི་ལོ་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་། ལྗང་མདོག་ནུས་རྒྱུ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ཐག་གཅོད་བྱེད་པར་བཏོན་གནང་བའི་གྲོས་འགོ་གལ་ཆེན་གྱི་འདུ་ཤེས་ལ་ཧྥིན་ལན་ཕྱོགས་ཀྱིས་མངགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཤུགས་རྐྱེན་གལ་ཆེན་དང་དེ་བཞིན་བརྟན་ལྷིང་རང་བཞིན་དང་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་གཏུག་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་དཔལ་འབྱོར་འབྲེལ་བ་ཟབ་མོ་ཡོད་པས“འབྲེལ་ཐག་གཅོད་པ”དང“འཇམ་འཐབ་གསར་པ”ནི་ཕྱོགས་གང་རུང་གི་ཁེ་ཕན་དང་མཐུན་གྱི་མེད། ཧྥིན་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་བདེ་བླག་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཕ་དབྱིའི་གདོང་གཏུག་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་ཞིང་། ཁོང་གིས། ཧྥིན་ལན་ཚུད་པའི་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས་པ་རེད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སློབ་གསོ་དང་། ཆུ་བེད། ཁོར་ཡུག་སྲུང་སྐྱོང་། འཁོར་རྒྱུན་དཔལ་འབྱོར། ཞིང་ལས་ཟ་བཅའི་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ལྷན་དུ་བདེན་དཔང་གནང་བ་རེད།

ཕྱོགས་གཉིས་པོས《ཀྲུང་གོ་དང་ཧྥིན་ལན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་ལས་དོན་འཆར་གཞི(2025ལོ་ནས་2029ལོའི་བར)》སྤེལ་བ་རེད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་སི་ཐུའུ་པུའུ་དང་སྐུ་ཟླ་སུའུ་ཧྲན་ནཱ་རྣམ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ཏེ་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་འཛེག་ཕེབས་པ་དང་། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སི་ཐུའུ་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སི་ཐུའུ་པུའུ་སྟངས་དཔྱལ་ལ་དགའ་བསུའི་གསོལ་སྟོན་བཤམས་པ་རེད།

(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)