གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་ཚང་སྟོང་རྒན་རྒོན་ལ་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།
“རྨོ་བོ་ལགས། ཉེ་ཆར་སྐུ་གཟུགས་གང་འདྲ་འདུག”“རེ་བ་གང་ཡོད་དམ” “ང་ཚོས་རོགས་པ་བྱེད་དགོས་ཡས་གང་འདུག་གམ”ཞེས་དྲིས།
“ང་ཚོ་འདིར་སྐྱིད་པོ་འདུག ལྟོ་ཆས་ཡག་པོ་འདུག་ལ། འཚོ་བ་ཡང་སྐྱིད་པོ་འདུག” “ལོ་རྒས་ནས་རྐང་ལག་ཐང་པོ་མེད་ཙང་འགྲོ་སྐྱོད་ཐད་ཁག་ཙམ་འདུག སྟབས་ལེགས་པ་ཞིག་ལ་ཁྱེད་ཚོས་རོགས་པ་གནང་ཙང་སྣང་དག་མི་འདུག”“ཁྱེད་ཚོས་རྟག་པར་ང་ཚོར་ལྟ་རུ་ཡོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
འདི་ནི་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པས་ཚང་སྟོང་རྒན་རྒོན་ལ་རོགས་པ་བྱེད་སྐབས་ཀྱི་ཕན་ཚུན་དབར་གྱི་གླེང་མོལ་རེད།
ཁེར་སྡོད་དང་། ཚང་སྟོང་། དཀའ་ངལ་ཆེ་བ་བཅས་ཀྱི་རྒན་རྒོན་ཚོའི་འཚོ་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཉེ་ཆར། ཤར་གསིང་མ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས“ཚང་སྟོང་གི་རྒན་རྒོན་ལ་འཚམས་འདྲི་བྱས་ནས་དྲོ་སྐྱིད་སྦྱིན་པའི”བྱེད་སྒོ་སྤེལ་ཏེ་རྒན་བཀུར་རྒན་གཅེས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་བ་རེད།
བྱེད་སྒོ་སྤེལ་ཉིན་དང་བླངས་པ་ཚོས་གཅེས་སེམས་འཆང་བཞིན་འཚོ་བའི་མཁོ་ཆས་མང་པོ་འཁྱེར་ནས་ཚང་སྟོང་རྒན་རྒོན་ཞིག་གི་ཁྱིམ་དུ་བསྐྱོད་དེ་རྒན་རྒོན་དང་ཅི་གྲོས་མོལ་གྲོས་བྱེད་པ་མ་ཟད། ཆམ་པའི་སྨན་དང་འཚོ་བའི་མཁོ་ཆས་སོགས་དངོས་པོ་བསྐྱལ་བ་དང་། རྒན་རྒོན་ལ་གློག་དང་སོལ་རླངས་ཐབ་སྤྱོད་སྟངས་དང་འགྲིམ་འགྲུལ་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཤེས་བྱ་གསལ་བཤད་ཞིབ་ཚགས་བྱས་ནས། རྒན་རྒོན་བདེ་འཇགས་ཡོང་བར་བྱས་པ་རེད།
“ད་ཐེངས་ཀྱི་དང་བླངས་བྱེད་སྒོས་རྒན་རྒོན་ཚོར་རོགས་རམ་དང་དྲོ་སྐྱིད་སྦྱིན་པ་མ་ཟད། རྒན་རྒོན་དང་ང་ཚོ་དང་བླངས་པའི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་སྤྱི་ཚོགས་གོང་བུ་འགྲིལ་ཤུགས་དང་སེམས་པ་ཕྱོགས་ཤུགས་ཆེ་རུ་ཕྱིན་སོང་། རྒན་རྒོན་ཚོའི་འཛུམ་མདངས་དང་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་ནི་དང་བླངས་པའི་ལས་ཀར་གདེང་འཇོག་ཡག་ཤོས་བྱས་པ་ཞིག་རེད་ལ། སྤྱི་ཚོགས་གཅེས་སྐྱོང་སྟོབས་ཤུགས་ཀྱི་དཔང་རྟགས་ཡག་ཤོས་ཤིག་ཀྱང་རེད”ཅེས་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་འགན་འཁུར་བ་སྐལ་བཟང་བདེ་སྐྱིད་ཀྱིས་གསར་འགོད་པར་བཤད།
འདི་ལོ་ཚུན། ཤར་གསིང་མ་གྲོང་རྡལ་གྱིས་ཏང་སྲིད་དམག་ཉེན་དམངས་བཅས་གཞི་གཅིག་ཅན་གྱི“ཏང་ཨུད་ཆེན་པོའི”གཞི་རྟེན་ལ་བརྟེན་ནས་དང་བླངས་ཞབས་ཞུའི་རུ་ཁག་13བཙུགས་ཡོད། ཐོག་མཐའ་བར་གསུམ་དུ“ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་བཅའ་སྡོད་དཔུང་སྡེ་དང་། མཐའ་མཚམས་མངགས་གཏོང་ཁང་། “གསར་གཉིས”རྩ་འཛུགས་སོགས་ཀྱི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ཏེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཀྱི་སྒྲོག་འགྲེལ་དྲིལ་བསྒྲགས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་། དབུལ་སྐྱོར་དཀའ་སེལ་དང་། འོས་འགན་སྨན་བཅོས། སྐྲ་བཞར་བ། སྒོ་རྩར་ཞབས་འདེགས་ཞུ་བ་སོགས་ཀྱི་དང་བླངས་བྱེད་སྒོ་ཐེངས་80ལྷག་ཙམ་སྤེལ་བས་མི་5000ཙམ་ལ་ཕན་པ་ཐོབ་སྟེ་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། (པ་སངས་ཀྱིས་སྒྱུར་ཞུས་བྱས)