ཞོགས་པ་སྔ་པོར་འབྲོག་པ་ཚེ་དབང་གིས་དྲོད་ལེབ་ལ་རེག་ནས་ཚ་པོ་ཡོད་མེད་ལ་ལྟ་གི་འདུག ཟླ་10ཚེས་1ཉིན་ནི་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་དྲོད་རླངས་དངོས་སུ་མཁོ་འདོན་བྱས་པའི་ཉིན་མོ་ཡིན་ཞིང་། ཆུ་ཚ་པོ་མདོང་ལམ་ནང་བཏང་བ་དང་བསྟུན་ནས་ཁང་པའི་ནང་དྲོ་སོབ་སོབ་ཆགས་པ་དང་ཚེ་དབང་གི་གདོང་ནས་དགའ་བའི་འཛུམ་མདངས་རིམ་གྱིས་འཕྱུར།
མཚོ་ཆེན་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཙམ་ཟིན་ཞིང་། ས་མཐོའི་གྲང་རྒྱུད་ཕལ་པའི་དུས་རླུང་དང་སྐམ་ཤས་ཆེ་བའི་གནམ་གཤིས་ཁུལ་དུ་གནས་ཡོད། ལོ་ལྟར་གྱི་ཟླ་10པ་ནས་ཕྱི་ལོའི་ཟླ་5པའི་བར་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བའི་དུས་ཚིགས་ཤར་ནས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་35ཟིན་གྱི་ཡོད། ལོ་རེའི་ཟླ་བ་8རིང་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བའི་གནམ་གཤིས་སྟོན་གྱི་ཡོད་པས་མཚོ་ཆེན་རྫོང་ལ་དྲོད་རླངས་མཁོ་འདོན་གྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད།
ད་ལོའི་ཟླ་4པར་མཚོ་ཆེན་རྫོང་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་གྲངས་སྐྲུན་འགོ་ཚུགས་ཤིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.14བཏང་བ་དང་། སྲིད་གཞུང་གི་ཁྲིད་སྟོན་འོག་མཚོ་ཆེན་རྫོང་གི་སྔར་ཡོད་ཀྱི་དྲོད་གཏོང་མ་ལག་ལ་སྒྱུར་བཀོད་བྱས་པ་དང་འབྲེལ་སྔར་ཡོད་ཀྱི་སྨི་ངོས་གྲུ་ཁྲི་23.54ཡི་དྲོད་གཏོང་རྒྱ་ཁྱོན་གྱི་རྨང་གཞིའི་ཐོག་དྲོད་གཏོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.69ཆེ་རུ་བཏང་ཡོད།
ཚེ་དབང་གི་ཁྱིམ་དུ་སྐྱོད་སྐབས་ཁང་པའི་ནང་དྲོ་སོབ་སོབ་འདུག “དེ་སྔ་ང་ཚོས་ཐབ་ནང་ལྕི་བ་འབུད་ནས་དྲོད་ལེན་དགོས་ཀྱི་ཡོད། ཐབ་ཀྱི་འགྲམ་དུ་དྲོ་པོ་ཡོད་ཀྱང་། ཁང་པའི་ནང་དྲོད་དེ་ཙམ་མེད”ཅེས་ཚེ་དབང་གིས་བཤད།
དེ་གོང་མཚོ་ཆེན་རྫོང་གིས་སྐྱེ་དངོས་ཀྱི་ཆུ་ཚའི་ཁྲོ་ཐབ་སྤྱད་དེ་གཅིག་སྡུད་དྲོད་གཏོང་གི་ཡོད། དྲོད་གཏོང་སྟངས་དེའི་རིགས་ལ་ནུས་རྒྱུ་ཟད་གྲོན་ཆེ་བ་དང་འཁོར་རྒྱུག་གི་འགྲོ་གྲོན་ཆེ་བའི་ཞན་ཆ་ལྡན་པ་མ་ཟད། སྐྱེ་དངོས་ཀྱི་འབུད་རྫས་ཡག་པོ་འབར་ཐུབ་ཀྱི་མེད་པས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཀྱང་ཟིན་གྱི་མེད། སྒྱུར་བཀོད་བྱས་རྗེས་ཀྱི་དྲོད་གཏོང་མ་ལག་དེ“ཉི་ནུས་ཀྱི་འོད་དྲོད་དང་སྐྱེ་དངོས་ཀྱིས་རོགས་སྐྱོར་ཟུང་འབྲེལ”གྱི་བྱེད་སྟངས་བརྒྱུད་ཚ་ཁུངས་དང་ལེ་ལག་ཚང་བའི་མདོང་དྲ་དང་དེ་བཞིན་དྲོད་གཏོང་མཐའ་སྣེར་ལག་རྩལ་སྒྱུར་བཀོད་བྱས་ནས་དྭངས་གཙང་དང་ནུས་ཆེའི་དེང་རབས་ཅན་གྱི་དྲོད་གཏོང་དུ་ཕྱོགས་སྒྱུར་བྱས་ཡོད།
མཚོ་ཆེན་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསམ་གཏན་ཆོས་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དྲོད་གཏོང་རྣམ་གྲངས་སྒྱུར་བཀོད་བྱས་རྗེས་ཚ་ཁུངས་གཙོ་བོ་ནི་ཉི་ནུས་ཡིན་པས་འབུད་ཤིང་གི་མ་གནས་ལ་བསམ་བློ་གཏོང་མི་དགོས་པར་ཆུ་ཚོད་24ཡི་རིང་དྲོད་གཏོང་ཐུབ་ཀྱི་ཡོད། ཁང་པའི་རླུང་འགོག་ནུས་པ་ཡག་པོ་ཡོད་ཚེ་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ལ་སླེབས་ཀྱི་ཡོད།
ད་ལོ་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་དམིགས་བསལ་གཉེར་འཐུས་རྣམ་པའི་ཐོག་ནས་མཚོ་ཆེན་རྫོང་སོགས་རྫོང(ཆུས)7གྱི་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་གི་ཚོད་ལྟའི་ས་ཚུགས་འཛུགས་སྐྲུན་བྱས་ནས་ཁྱོན་སྨི་ངོས་གྲུ་ཁྲི་622.41གསར་སྐྲུན་དང་སྒྱུར་བཀོད་བྱ་རྩིས་ཡོད་པ་དང་། དྲོད་བཏང་རྗེས་གྲོང་མི་ཁྲི་20ཡི་དྲོད་རླངས་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)