འགན་བབས་སློབ་གསོའི་སློབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་སློབ་ཆུང་ལོ་རིམ་དྲུག་པའི་སྐད་ཡིག་སྟོད་ཆའི་སློབ་ཚན་བདུན་པ《མིང་གི་བཏགས་ཚུལ་བཤད་པ》ཞེས་པ་ནི་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལས་མིང་གི་འདོགས་ཚུལ་ངོ་སྤྲོད་བྱས་པའི་སློབ་ཚན་ཞིག་རེད། ལང་ཀར་གཤེགས་པའི་མདོ་ལས། མིང་དུ་འདོགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། དེ་ཕྱིར་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད་ཅེས་གསུངས་པ་ལྟར་འཇིག་རྟེན་གྱི་དངོས་པོ་དག་ལ་སོ་སོར་ངོས་འཛིན་བྱེད་པའི་མིང་རེ་གདགས་པར་བྱས་མེད་ན་སྐྱེ་འགྲོ་ཀུན་རྨོངས་ཏེ་མུན་པའི་གླིང་དུ་སྦར་སྙོབ་བྱེད་པ་དང་གཉིས་སུ་མ་མཆིས། དེར་བརྟེན་མི་རྣམས་ཀྱིས་མ་འཁྲུལ་མ་ནོར་བའི་ཆེད་དུ་དངོས་པོ་ཡོད་དོ་ཅོག་ལ་མིང་རེ་གདགས་པར་མཛད་དོ།
དེ་ཡང་སློབ་ཚན་འདི་བཞིན་འདི་གར་བཀོད་སྒྲིག་གནང་དོན་ཅི་རེད་ཟེར་ན། གོང་གི་སློབ་ཚན་དྲུག་པ་ཕྲད་རང་དབང་ཅན་ལས་བདག་སྒྲ་དང་མིང་མཐའ་སྦྱངས་ཟིན་ཞིང་དེ་གཉིས་ཀ་མིང་གི་ཁོངས་སུ་བསྡུ་བ་ཡིན། དེར་བརྟེན་མིང་གི་སྐོར་གྱི་རིགས་གཅིག་པའི་ཤེས་བྱ་གཅིག་ལ་གཅིག་མཐུད་ཀྱིས་བཀོད་སྒྲིག་བྱས་ཏེ་མིང་ལ་མི་རྨོངས་བའི་ཕྱིར་དང་མིང་འདོགས་ཚུལ་རགས་ཙམ་རྟོགས་ཕྱིར་ཡིན།
དང་པོ། སློབ་ཁྲིད་ཀྱི་དམིགས་ཡུལ།
གཅིག འཇིག་རྟེན་ཐོག་གི་དངོས་པོར་མིང་འདོགས་ཚུལ་དུ་མ་ཡོད་རུང་རྒྱ་ཆེ་ས་ནས་བཤད་ན་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་མ་འདུ་བ་མེད་པ་ཤེས་པ་བྱ་རྒྱུ། གཉིས། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ཀྱི་མཚན་ཉིད་དམ་གོ་དོན་ལ་གོ་བ་ལོན་པར་བྱས་ཏེ་དེ་གཉིས་ཀྱི་ཁྱད་པར་དང་འབྲེལ་བ་ཤེས་པ་བྱ་རྒྱུ། གསུམ། ང་ཚོས་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་པའི་མིང་འདི་ཚོ་ཡང་སྙིང་མིང་གང་གི་ཁོངས་སུ་གཏོགས་མིན་དབྱེ་འབྱེད་ཤེས་པ་བྱ་རྒྱུ་བཅས་སོ།
གཉིས་པ། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ཀྱི་ཁྱད་པར་དང་། གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཤེས་པ་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་གཙོ་གནད་ཡིན་ལ་དཀའ་གནད་ཀྱང་ཡིན། གསུམ་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།
གཅིག ཚོགས་ཐུན་བཀོད་སྒྲིག ཚོགས་ཐུན་གཉིས་ནང་ལེགས་འགྲུབ་བྱེད་ཐུབ་སྙམ་ཡང་གཙོ་བོ་སློབ་མའི་དོན་དངོས་ཀྱི་ཤེས་ཚད་ལ་གཞིགས་ནས་དུས་ཚོད་བཀོད་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཡིན།
གཉིས། གསར་འདྲེན་བྱེད་ཐབས།
དགེ་རྒན་གྱིས་སློབ་ཁྲིད་མ་བྱས་གོང་ལ་སློབ་མར་སྔོན་སྦྱོང་གི་སྦྱོང་ཚན་བཀོད་སྒྲིག་གནང་ན་རྒྱུས་མེད་ཀྱི་ཤེས་བྱ་ཞིག་ལ་སློབ་མ་རང་ངོས་ཀྱི་བློའི་དཔོག་ཚོད་ཀྱིས་གོ་བ་ལེན་པ་དང་དོགས་པ་ཟ་བ་སོགས་ཡོང་སྲིད། དེ་འདྲ་བྱུང་ཚེ་རྒན་ལགས་ཀྱིས་དངོས་སུ་སློབ་ཁྲིད་གནང་བའི་སྐབས་སུ་གང་གི་ཐད་ལ་དོ་སྣང་བྱེད་དགོས་པ་སོགས་གྲ་སྒྲིག་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ནས་སློབ་ཚན་ཡག་པོ་ཉན་ཐུབ་པར་སྙམ། དེས་ན་གསར་འཁྲིད་བྱེད་ཐབས་དང་པོ་ནི། སློབ་ཕྲུག་ཚོས་སྔོན་སྦྱོང་བྱས་པ་ལྟར་མིང་གི་བཏགས་ཚུལ་ཞེས་པའི་ཁ་བྱང་དེར་གོ་བ་ཇི་ལྟར་ལེན་གྱི་ཡོད། འོ་ན་མིང་གི་བཏགས་ཚུལ་ལ་དབྱེ་བ་གང་དང་གང་ཡོད་ཅེས་དྲི་བ་དེ་གཉིས་སྔ་རྗེས་སུ་བཏོན་པ་དང་། སློབ་མའི་བསམ་ཚུལ་གླེང་དུ་བཅུག་སྟེ་འཁྲིད་བྱའི་སློབ་ཚན་དངོས་ལ་འཇུག་རྒྱུ།
ཡང་ན། སྔོན་སྦྱོང་གི་གོ་སྐབས་མ་བྱུང་ཡང་ཐོག་མར་སློབ་མར་སློབ་ཚན་དེར་མིག་གཤར་ཐེངས་གཅིག་རྒྱག་ཏུ་བཅུག་སྟེ་མིང་གི་བཏགས་ཚུལ་ཞེས་པའི་ཁ་བྱང་ལ་གོ་བ་ཇི་ལྟར་ལེན་མིན་ཐད་བསམ་ཚུལ་ལྷུག་པོར་གླེང་དུ་འཇུག་པ་དང་། དེ་རྗེས་དགེ་རྒན་གྱིས་ནག་པང་སྟེང་དུ་འདོད་རྒྱལ་གྱི་མིང་ཤིང་དང་ཕོར་པ་ཞེས་པ་གཉིས་བྲིས་ཏེ་གང་འདྲ་ཞིག་ལ་ཤིང་དང་ཕོར་པ་ཟེར། འོ་ན་གང་འདྲ་ཞིག་ལ་ཤིང་ཕོར་ཟེར་ཞེས་པའི་དྲི་བ་དེ་གཉིས་བསྡུར་བའི་ཐབས་ལ་བརྟེན་ནས་དེ་རིང་འཁྲིད་བྱའི་སློབ་ཚན་དངོས་ལ་འཇུག་རྒྱུ།
མདོར་ན། གསར་འདྲེན་བྱ་ཐབས་དེ་གཉིས་ལ་བརྟེན་ནས་མིང་གི་འདོགས་ཚུལ་གཉིས་ཡོད་པ་རྟོགས་པ་བྱ་རྒྱུ་ཡིན།
གསུམ། གསར་ཁྲིད་བྱེད་ཐབས།
གཞུང་ལུགས་ཀྱི་ཁོངས་སུ་གཏོགས་པའི་སློབ་ཚན་འདི་ལྟ་བུ་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་གལ་ཆེར་སྙམ། རྒྱུ་མཚན་ནི་གཞུང་ལུགས་ནི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་རེད། དེ་ཡང་ང་ཚོས་གཞུང་ལུགས་སྦྱངས་པའི་མཐར་ཐུག་གི་དམིགས་ཡུལ་ནི་ལག་ལེན་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པས་འཚོ་བའི་ཁྲོད་ཀྱི་མིང་དེ་ཚོ་ཇི་ལྟར་འདོགས་ཚུལ་ལ་དབྱེ་ཞིབ་བྱེད་ཐུབ་པ་དགོས།
ཐོག་མར། མིང་འདོགས་ཚུལ་ལ་ནང་གསེས་དབྱེ་བ་གཉིས་ཡོད་པ་སྟེ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སོ། དེ་ལྟར་ཐོག་མར་ནང་གསེས་དབྱེ་བ་འབྱེད་པ་དང་། དེ་རྗེས་དཔེར་བརྗོད་ཀྱི་ལམ་ནས་ནང་གསེས་དེ་གཉིས་ཀྱི་མཚན་ཉིད་ལ་དབྱེ་ཞིབ་བྱ་རྒྱུ།
༡.འདོད་རྒྱལ་གྱི་མིང་འཆད་པ།
དེ་ཡང་རྟ། མེ། རྡོ། སྟར་ཁ། གློ་བ་ལྟ་བུ་འདོད་རྒྱལ་གྱི་མིང་ཡིན་ཞིང་“དངོས་པོ་དེ་དག་ལ་ཐོག་མར་མིང་འདོགས་སྐབས་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་པར། མིང་འདོགས་མཁན་གྱིས་རང་གི་སྣང་ངོར་གང་དྲན་པའི་སྒྲ་ཞིག་སྦྱར་བར་འདོད་པ་ལྟར་རྒྱལ་བར་གྱུར་པས་དེ་ལྟར་བཏགས་པ་ལ་ཟེར” ཡང་ན་བཏགས་པའི་མིང་དེར་རྒྱུ་མཚན་ནམ་སྒྲ་བཤད་བྱ་རྒྱུ་མེད་པ་ལ་འདོད་རྒྱལ་གྱི་མིང་ཟེར། དེ་ལ་ཐོག་མའི་མིང་ཡང་ཟེར་ཏེ་རྒྱུ་མཚན་ཡང་ཡོད། འདོད་རྒྱལ་གྱི་མིང་ནི་རྗེས་གྲུབ་ཀྱི་མིང་གྲུབ་པའི་རྩ་བའམ་རྨང་གཞིར་གྱུར་པས་སོ།
༢.རྗེས་གྲུབ་ཀྱི་མིང་འཆད་པ།
ས་པཎ་གྱིས། “དེ་ཡང་དང་པོ་འདོད་རྒྱལ་སྒྲ། དེ་ལ་བརྟེན་ནས་ཕྱི་ནས་དོན། གཞན་ལ་སྒྲོ་འདོགས་རྗེས་གྲུབ་སྒྲ”ཞེས་གསུངས་པ་ལྟར། དང་པོའི་འདོད་རྒྱལ་གྱི་མིང་དེ་ལ་བརྟེན་ནས་ཕྱིས་སུ་རྒྱུ་མཚན་དང་སྒྲ་བཤད་བྱ་རུང་བའི་རྗེས་གྲུབ་ཀྱི་མིང་དེ་བྱུང་བར་གསུངས། ཡང་ན་རྗེས་གྲུབ་ཀྱི་མིང་ནི་འདོད་རྒྱལ་གྱི་མིང་གི་རྨང་གཞིའི་ཐོག་འདྲ་བའམ་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས་ཕྱིས་སུ་བཏགས་པའི་མིང་ལ་ཟེར། “བཏགས་པའི་མིང་དེར་རྒྱུ་མཚན་ནམ་སྒྲ་བཤད་བྱ་རྒྱུ་ཡོད་ན་རྗེས་གྲུབ་ཀྱི་མིང་ཟེར” དཔེར་ན། སློབ་གྲྭ་ཞེས་པར་རྒྱུ་མཚན་ནམ་སྒྲ་བཤད་བྱ་རུང་སྟེ་སློབ་སྦྱོང་བྱེད་སའི་གྲྭའམ་ར་བ་ཡིན་པས་སོ་ཞེས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་རེད། ཆོས་གྲྭ་དང་ཉི་འོད། ཉལ་ཁང་། ཟ་ཁང་། ལྕགས་སྨྱུག་ལྟ་བུ་རིགས་བསྒྲེའོ། ཁྱི་ཕྲུག་ཁ་ཆེ་སྣ་ཉག་ལ་སེང་ཕྲུག་ཅེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ། རྣ་བའི་མིང་ལ་སྒྲ་འཛིན་ཞེས་བྱེད་ནུས་ཀྱི་ཆ་ནས་བཏགས་པ། མེ་ཏོག་པདྨ་ཆུ་ནང་ནས་སྐྱེས་པ་རྒྱུ་མཚན་དུ་བྱས་ནས་ཆུ་སྐྱེས་ཞེས་བྱུང་རབས་ཀྱི་ཆ་ནས་བཏགས་པ། ལག་པར་མཛུབ་མོ་ལྔ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཡལ་འདབ་ལྔ་པ་ཞེས་གྲངས་ཀྱི་སྒོ་ནས་བཏགས་པ་སོགས་ཡོད། དེ་ལྟར་མངོན་བརྗོད་ཀྱི་མིང་ཡོད་དོ་ཅོག་རྗེས་གྲུབ་ཀྱི་མིང་གི་ཁོངས་སུ་འདུ་སྟེ་“དངོས་པོ་གང་ཞིག་ལ་དེའི་ཡོན་ཏན་ནམ་ནུས་པ་དང་། ཁྱད་གཞི་དང་ཁྱད་ཆོས། དབྱིབས་དང་ཁ་དོག རྒྱ་ཁྱོན་དང་ཆེ་ཆུང་སོགས་ཁྱད་པར་རྒྱུ་རྐྱེན་གང་ལས་གྲུབ་པ་རྒྱུ་མཚན་དུ་བྱས་ནས་མིང་དུ་བཏགས་པར་བྱས་པས་མངོན་བརྗོད”ཅེས་བརྗོད་པས་སོ།
བཞི། སློབ་ཁྲིད་ཀྱི་ནང་དོན་སྲ་བརྟན་གཏོང་ཐབས།
སློབ་ཚན་འདིའི་གཙོ་གནད་དང་དཀའ་གནད་ནི་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་ཀྱི་ཁྱད་པར་དང་། གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཤེས་པ་བྱ་རྒྱུ་དེ་ཡིན་པས་སློབ་མར་འདོད་རྒྱལ་གྱི་མིང་གཉིས་དང་དེ་གཉིས་ལས་གྲུབ་པའི་རྗེས་གྲུབ་ཀྱི་མིང་གི་དཔེར་བརྗོད་འཇོག་ཏུ་འཇུག་རྒྱུ། དཔེར་ན། འདོད་རྒྱལ་གྱི་མིང་དུ་མེ་དང་ཤིང་ལྟ་བུ་འཇོག་པ་དང་། དེ་ལས་གྲུབ་པའི་རྗེས་གྲུབ་ཀྱི་མིང་མེ་ཤིང་ལྟ་བུའོ།
ལྔ། ཁྱིམ་སྦྱོང་བཀོད་སྒྲིག་བྱ་ཐབས།
སློབ་ཕྲུག་ཚོས་སློབ་དེབ་ཐོག་གི་མཚན་གཞི་ཕུད་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཀྱི་མིང་ལ་ཉམས་ཞིབ་བྱས་ཏེ་འདོད་རྒྱལ་གྱི་མིང་དང་དེ་ལས་གྲུབ་པའི་རྗེས་གྲུབ་ཀྱི་མིང་གི་དཔེར་བརྗོད་གཉིས་ཡན་འཇོག་རྒྱུའི་རེ་བ་འདོན་རྒྱུ།
དྲུག ནག་པང་སྟེང་ཡི་གེ་འཆར་འགོད་བྱ་ཐབས།
ནག་པང་གི་དཀྱིལ་ངོས་སུ་སློབ་ཚན་གྱི་མཚན་བྱང་ཏེ་མིང་གི་བཏགས་ཚུལ་བཤད་པ་ཞེས་པ་བཀོད་རྒྱུ། ཐིག་ཕྲེང་རྗེས་མར་འདོད་རྒྱལ་གྱི་མིང་ཤིང་དང་ཕོར་པ་ཞེས་པ་བཀོད་རྒྱུ། ཡང་བསྐྱར་ཐིག་ཕྲེང་གཅིག་ཕབ་ནས་རྗེས་གྲུབ་ཀྱི་མིང་ཤིང་ཕོར་ཞེས་པ་བཀོད་རྒྱུ། དེ་ལྟར་དཔེར་བརྗོད་དེ་དག་ལས་སློབ་ཚན་ཧྲིལ་པོའི་གཙོ་གནད་དང་དཀའ་གནད་བཀྲོལ་ཐུབ་པ་མ་ཟད་མིང་སོ་སོའི་མཚན་ཉིད་འཇོག་ཐུབ།
མདོར་ན། མིང་གང་ཡང་རུང་བར་རྒྱུ་མཚན་ནམ་སྒྲ་བཤད་བྱ་རྒྱུ་ཡོད་མེད་ཀྱི་ཐོག་ནས་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གི་དབྱེ་བ་འབྱེད་དགོས། མིང་འདོགས་ཚུལ་གྱི་དབྱེ་བའི་རྣམ་གྲངས་མང་རུང་སློབ་ཆུང་གནས་སྐབས་སུ་གོ་བ་ལོན་ཙམ་བྱུང་ན་འགྲིག་པར་སྙམ་མོ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་། ངག་དབང་སྒྲོན་མ)