འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། “ཞིང་གསུམ”ལས་དོན་དང་། བསམ་བློ་ཆབ་སྲིད་ལས་དོན། མང་ཚོགས་ཚོགས་པའི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་བ་དང་འབྲེལ། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་དམིགས་ཏེ་གཅིག་སྡུད་བགྲོ་གླེང་ཡང་གནང་བ་རེད།
ཚོགས་འདུའི་ཐོག ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝུའེ་ཏུང་གིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་དང་སྲིད་གཞུང་ཚན་ཁག་གི་ཁོངས་མིས“གནས་དང་གནས”ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ལས་དོན་ལ་དམ་འཛིན་བྱེད་པའི་འབྲེལ་ཡོད་གནས་ཚུལ་གསན་པ་དང་སྲིད་གཞུང་ཏང་ཙུའི་ཚན་ཁག་གི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྲིད་གཞུང་ཚན་ཁག་གི་ཁོངས་མིས“གནས་དང་གནས”ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ལས་དོན་ལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་ཚུན། ལས་དོན་ཁག་གི་སྒྲིག་འཛུགས་ནུས་ཆེ་དང་། དོན་འཁྱོལ་གནད་ལ་འཁེལ་བ། ཕན་འབྲས་རགས་ཙམ་ཐོན་པ་བཅས་བྱུང་ཡོད། གོམ་སྟབས་རྗེས་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཡང་འབད་བསྐྱར་འབད་ཀྱིས“གཙོ་གནད་ལ་དམ་པོར་དམིགས་པ་དང་། དཀའ་གནད་ལ་དམ་པོར་དམིགས་པ། འགག་གནད་ལ་དམ་འཛིན། བཀྲག་མདངས་འཚེར་སར་དམ་འཛིན”བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་། “གནས་དང་གནས”གནད་འགག་ཆེ་སར་དོན་འཁྱོལ་དང་གནད་འགག་ཆེ་སར་བསྒྲུབ་རྒྱུ་འགན་ལེན་བྱེད་པ། “གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པ”དང“དཔེ་སྟོན་སྣེ་ཁྲིད”ཀྱི་ནུས་པ་ཡག་པོ་འདོན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། “འགོ་འཛུགས་ས”བློ་ལ་བརྟན་པོར་ངེས་ཏེ“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་ཁུར་སེམས་དང“ལས་དོན་མཐའ་དག་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ཤུགས་ཀྱི་ཐོག་ནས། འདྲ་བཟོ་བྱེད་རིན་ཡོད་པ་དང་། དཔྱད་གཞིར་འཛིན་རིན་ཡོད་པ། ཁྱབ་གདལ་གཏོང་རིན་ཡོད་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་དཔེ་སྟོན་ཁག་གཅིག་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམ་འཛིན་བྱེད་དགོས། “ཞན་ཆར”དམིགས་ཏེ“ལོ་གཅིག་ལ་རྨང་གཞི་འདིང་བ་དང་། ལོ་གཉིས་ལ་འགྱུར་ལྡོག་གཏོང་བ། ལོ་གསུམ་ལ་འགྱུར་ལྡོག་ཆེན་པོ་གཏོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། འབྲེལ་གཏུག་བྱ་ཡུལ་ལ་གྲོང་གསེབ་དར་རྒྱས་ཀྱི་ཞིབ་ཕྲའི་བསམ་ཕྱོགས་དང་བྱ་ཐབས་གསལ་པོ་བཟོ་རོགས་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་དགོས། “གཙོ་གནད་དམ་འཛིན”བྱེད་མཁས་པོ་བྱས་ཏེ“འགོ་ཁྲིད་ཀྱི་ནུས་པ་ཆེ་བའི་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གཅིག་དང་། སྙན་གྲགས་ལྡན་ལ་འཇོན་ཐང་ཆེ་བའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་གཅིག མཐོང་རྒྱ་ཆེ་བ་དང་། བསམ་ཕྱོགས་ཡངས་པ། གདོང་མཆོང་བྱེད་ཕོད་པ་དང་ལས་དོན་སྒྲུབ་ཕོད་པ་བཅས་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་དང་བར་ཁེ་བ་ཁག་གཅིག མང་ཚོགས་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ནས་ཐུན་མོང་ཕྱུག་འགྱུར་ཐུབ་པའི་མཉམ་ལས་ཁང་གཅིག ཤེས་དཔལ་དང་སྐྱོན་བྲལ་གྱི་འཚོ་བའི་དར་སྲོལ་གསར་པ་གཅིག”བཅས་ལ་དམིགས་ནས། རིམ་པ་བཞིན་བསམ་ཕྱོགས་གསལ་བཟོ་དང་། ཐབས་ཇུས་འཚོལ་བ། སྒུལ་ནུས་ཆེར་གཏོང་བཅས་བྱེད་པ་དང་། “འགག་གནད”ལ་དམ་འཛིན་བྱས་ཏེ“མཐོར་གཏོང་ཆེན་པོ”ཡོང་བར་བྱེད་དགོས། “ཤུགས་རྒྱག་སར”དམ་འཛིན་བྱས་ཏེ་སྲིད་གཞུང་ཚན་ཁག་གི་ཁོངས་མིས“གནས་དང་གནས”ཀྱི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་མུ་མཐུད་འཁུར་ནས། འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་མཐིལ་རྟོགས་དང་། དོན་འཁྱོལ་ལ་སྐུལ་འདེད། དཀའ་གནད་སེལ་བ་བཅས་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་བཀོད་གཏོང་དང་། ཚན་རིག་དང་མཐུན་པའི་དཔྱད་ཞིབ་གདེང་འཇོག འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནུས་ཤུགས་ཡོད་རྒུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)