《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月25日

བོད་སྐད་གློག་བརྙན་སྒྲ་སྦྱོར་གྱི་མྱོང་བ་རགས་ཙམ་གླེང་བ།

ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་། རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག བོད་སྐད་གློག་བརྙན་སྒྲ་སྦྱོར་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། སྒྱུར་བཅོས་སྒོ་དབྱེ་དང་དུས་བབ་བརྟན་ལྷིང་གི་གལ་ཆེའི་གྲུབ་འབྲས། དེ་བཞིན་རིག་གནས་སྒྱུ་རྩལ་དང་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད། ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་རིག་གནས་བྱང་ཚད་མཐོ་རུ་གཏོང་བ། མི་རིགས་ཁག་དབར་གྱི་རིག་གནས་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་སོགས་ཀྱི་ཆེད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། བོད་སྐད་སྒྲ་སྦྱོར་གློག་བརྙན་གྱི་གྲངས་ཚད་དང་སྤུས་ཚད་སོགས་གང་ཅིའི་ཐད་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ཅིང་། སྒྲ་སྦྱོར་བྱས་པའི་གློག་བརྙན་དག་ལ་དངོས་ཡོད་རང་བཞིན་དང་འཚོ་བའི་རང་བཞིན་ངེས་ཅན་ལྡན་ཡོད་སྟབས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཧ་ཅང་མཉེས་པོ་གནང་གི་ཡོད། ཀུན་གྱིས་མཁྱེན་གསལ་ལྟར། གཟིགས་མོ་བའི་དགའ་བསུ་ཐོབ་པའི་གློག་བརྙན་ཞིག་སྒྱུར་བཟོ་བྱེད་དགོས་ན་རྙོག་འཛིང་ཆེ་བའི་ལས་རིམ་མང་པོ་བརྒྱུད་དགོས་པ་མ་ཟད། སྒྲ་སྦྱོར་བར་ཡང་རིག་གནས་ཀྱི་བྱང་ཚད་དང་འཁྲབ་སྟོན་གྱི་ནུས་པ་ངེས་ཅན་ལྡན་དགོས་སྟབས། གཤམ་དུ་རང་ཉིད་སྒྲ་སྦྱོར་བ་ཞིག་གི་ངོས་ནས་སྒྲ་སྦྱོར་ལས་ཀའི་མྱོང་བ་རགས་ཙམ་གླེང་བར་བྱའོ།

དང་པོ། སྒྲ་སྦྱོར་བས་འཁྲབ་གཞུང་ནང་གི་མི་སྣའི་ཁྱད་ཆོས་ལ་གཞིགས་ནས་སྒྲ་སྦྱོར་བྱེད་དགོས་པ།

དེ་ཡང་སྒྲ་སྦྱོར་བ་ཞིག་གི་ངོས་ནས་བརྗོད་ན། ངེས་པར་དུ་འཁྲབ་གཞུང་ནང་གི་མི་སྣའི་གཤིས་སྤྱོད་དང་སེམས་ཁམས། གཏམ་གླེང་གི་ཁྱད་ཆོས་སོགས་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་མ་ཟད། གཞུང་དངོས་ཀྱི་མི་སྣའི་བསམ་སྤྱོད་དང་སྒྲ་སྦྱོར་གཉིས་འཚམ་མཐུན་ཡོང་ཆེད་ངེས་པར་དུ་འཁྲབ་གཞུང་རྩོམ་པ་པོའི་བསམ་པའི་སྐུལ་སློང་དང་། འཁྲབ་གཞུང་གི་ལོ་རྒྱུས་རྒྱབ་ལྗོངས། བརྗོད་བྱའི་ནང་དོན། དེ་བཞིན་འཁྲབ་སྟོན་པའི་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། གཏམ་གླེང་གི་ཉམས་འགྱུར་དང་སྒྲ་གདངས་ལྕི་ཡང་སོགས་ཁོང་དུ་ཆུད་པར་བྱེད་དགོས་ཀྱི་ཡོད། དེར་བརྟེན་གཞུང་དངོས་ཀྱི་མི་སྣའི་གཟུགས་བརྙན་ལ་བརྩི་སྲུང་ཞུ་རྒྱུ་ནི་སྒྲ་སྒྱུར་ལེ་ཚན་གྱི་རྩ་དོན་ཉག་ཅིག་ཡིན། འཁྲབ་གཞུང་ནང་གི་མི་སྣའི་གཤིས་སྤྱོད་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག སྒྲ་སྦྱོར་བ་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྒྲ་གདངས་རིང་ཐུང་དང་སྒྲ་ལྕི་ཡང་སོགས་འཆར་འགོད་དང་ཚོད་འཛིན་འོས་འཚམ་བྱས་ཏེ། མི་སྣའི་གཟུགས་བརྙན་དང་མཐུན་གང་ཐུབ་བྱེད་དགོས། དེ་ཡང་། འཁྲབ་གཞུང་ནང་གི་མི་སྣའི་སྐད་ཆ་སྐད་རིགས་གཞན་དུ་ཕབ་ནས་ངག་ནས་ཟློས་པ་ཙམ་མ་ཡིན་པར་མི་སྣའི་ལོ་ཚོད་དང་། ལས་རིགས། སེམས་ཁམས་སོགས་ཀྱི་འགྱུར་བར་བལྟོས་ནས་སྒྲ་སྦྱོར་བ་རང་ཉིད་ཀྱི་བསམ་པའི་བརྩེ་དུང་ཡང་དེ་དང་གཞི་གཅིག་ཏུ་མཉམ་འདྲེས་ཐུབ་པ་བྱེད་དགོས་པ་མ་ཟད། རང་ཉིད་འཁྲབ་གཞུང་གི་མི་སྣ་དངོས་ཡིན་པའི་འདུ་ཤེས་བཅངས་ནས་སྔ་ཕྱི་བར་གསུམ་དུ་མི་སྣའི་དགའ་སྐྱོ་ཆགས་སྡང་རང་གིས་དངོས་སུ་མྱོང་ཐུབ་པ་བྱེད་དགོས་ཀྱི་ཡོད། གལ་ཏེ་སྒྲ་སྦྱོར་བའི་བརྩེ་དུང་ངོ་མ་ཇི་བཞིན་འདོན་མ་ཐུབ་ན། མི་སྣའི་གཟུགས་བརྙན་གསོན་ཉམས་དོད་པོ་ཡོང་མི་སྲིད་ལ། ཐ་ན་སྐད་ཆ་དང་མི་སྣའི་གཟུགས་བརྙན་གཉིས་ཐ་དད་དུ་སོང་ནས་གཟིགས་མོ་བར་བག་ཆགས་ཟབ་མོ་འཇོག་རྒྱུ་ལྟ་ཅི། བཞད་གད་ཀྱི་རྒྱུ་རུ་འགྱུར་ཉེན་ཡོད།

མི་སྣ་དང་འཚམ་ཐབས་བྱེད་རྒྱུ་དེ་སྒྲ་སྦྱོར་ལས་དོན་གྱི་གཞུང་ཤིང་ལྟ་བུ་ཞིག་ཡིན་པས། དེ་ནི་རྙོག་འཛིང་དང་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀ་ཞིག་རེད། སྒྲ་སྦྱོར་བ་ཞིག་ཡིན་ཕྱིན་ངེས་པར་དུ་ཚོར་བ་སྐྱེན་པོ་དང་སྐད་ཆའི་སྒྱུ་རྩལ་བྱང་ཆུབ་པ་ཞིག་དགོས་པ་སྨོས་མེད་རེད། དེ་ལྟར་མེད་ན་མི་སྣའི་གཤིས་ཀའི་འཇམ་རྩུབ་དང་། དགའ་སྐྱོ་ཆགས་སྡང་། སེམས་ཁམས་ཀྱི་འགྱུར་བ། སྐད་གདངས་དང་ཉམས་འགྱུར་སོགས་གནད་ལ་འཕིགས་པ་ཞིག་རྟོགས་ཐབས་བྲལ་བ་མ་ཟད། མི་སྣ་སོ་སོའི་ཐུན་མོང་མ་ཡིན་པའི་གཤིས་ཀའི་ཁྱད་ཆོས་དག་རང་ཉིད་ཀྱི་སྐད་ཀྱི་ཐོག་ནས་དེ་བས་མཚོན་ཐུབ་ཀྱི་མེད། དེ་བཞིན་མི་སྣའི་གཏམ་གླེང་ལའང་དུས་རབས་ཀྱི་ཁྱད་ཆོས་དང་། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས། ལས་རིགས་ཀྱི་ཁྱད་ཆོས་ཇི་བཞིན་མཚོན་ཐུབ་པ་དགོས་ཤིང་། ལྷག་པར་དུ། སྒྲ་སྦྱོར་བ་ཞིག་ལ་མཚོན་ན་མི་སྣའི་གཏམ་གླེང་ནི་མི་སྣའི་གཟུགས་བརྙན་གསར་བཞེངས་བྱེད་པའི་གྲུབ་ཆ་གཙོ་བོར་གྱུར་ཡོད། རྒྱལ་སྤྱིའི་ངོས་ནས་གླེང་ན་འཇར་པན་དང་ལྷོ་ཀུ་རེ་ཡ། ཨ་རི་སོགས་ཀྱི་འཁྲབ་གཞུང་ནང་གི་མི་སྣའི་ཕྱག་རྒྱ་དང་། གཏམ་གླེང་། ཉམས་འགྱུར་སོགས་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། རྒྱལ་ནང་དུ་མཚོན་ནའང་ཤེས་ལྡན་པ་དང་། ཁྲིམས་རྩོད་པ། དམག་མི་སོགས་ལས་རིགས་མི་འདྲ་བའི་དབར་ལའང་གཏམ་གྱི་ནང་དོན་དང་སྒྲ་གདངས་ཀྱི་ཉམས་འགྱུར་འདོན་སྟངས་ཐད་ཁྱད་པར་ངེས་ཅན་ཡོད་སྟབས། ང་ཚོས་མི་སྣ་དང་འབྲེལ་བའི་ཁོར་ཡུག་དང་། དུས་རབས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཁོང་དུ་ཆུད་པའི་རྨང་གཞིའི་སྟེང་མི་རིགས་དང་ལས་རིགས་སོགས་ཀྱི་ཁྱད་པར་རྣམས་སྐད་ཀྱི་ལམ་ནས་ཡག་པོ་མཚོན་ཐུབ་ན། ད་གཟོད་མི་སྣའི་གཟུགས་བརྙན་གསོན་ཉམས་དོད་པོ་ཞིག་བཞེངས་ཐུབ་ཀྱི་ཡོད།

གཉིས་པ། སྒྲ་སྦྱོར་བས་སྒྲ་སྦྱོར་སྐབས་མི་སྣའི་ཁ་གདངས་བཙུམས་གནད་ལ་འཁེལ་པོ་དགོས་པ།

སྒྲ་སྦྱོར་སྐབས་མི་སྣའི་ཁ་གདངས་བཙུམས་གནད་ལ་འཁེལ་པོ་དགོས་རྒྱུ་ནི་སྒྲ་སྦྱོར་གྱི་རྨང་གཞིའི་འོས་འགན་ཞིག་ཡིན་ཞིང་། འགའ་ཞིག་གིས་ཁ་གདངས་་བཙུམས་ཀྱི་ཡུན་ཚད་དང་གྲངས་ཚད་ལ་སྣང་འཇོག་བྱེད་པ་ཙམ་ལས་ཁྱད་ཆོས་གཞན་རྣམས་སྣང་མེད་དུ་གཏོང་བ་ནི་ཁྲལ་སེལ་སླ་བཅོས་ཁོ་ནར་ཟད་ཅིང་། འགོ་གང་ནས་འཛུགས་མིན་དང་མཇུག་གང་ནས་བསྡུ་མིན་ཁོ་ནར་སྣང་འཇོག་བྱས་ཚེ་སྒྲ་སྦྱོར་ཡག་པོ་ཐུབ་རྒྱུ་ལྟ་ཅི། ཐ་ན་གཏམ་སྤྱོད་གཉིས་ཡ་བྲལ་དུ་འགྲོ་ཉེན་ཆེན་པོ་ཡོད། དེ་ཡང་མི་སྣའི་ཁ་གདངས་བཙུམས་དང་འཚམ་མཐུན་ཡོང་བ་བྱེད་དགོས་ན། མི་སྣའི་ཁ་གདངས་བཙུམས་ཀྱི་ཁྱད་ཆོས་དང་རྣམ་འགྱུར། རྐང་ལག་གི་ཕྱག་རྒྱ་སོགས་ཁོང་དུ་ཆུད་པའི་རྨང་གཞིའི་སྟེང་། གཅིག་ནས་མི་སྣ་ཁ་གདངས་པ་ནས་བཙུམས་པའི་བར་གྱི་ཡུན་ཚད་དང་སྐད་ཆའི་དལ་ལྷོད་རྟོགས་པར་བྱས་ཏེ་སྒྲ་སྦྱོར་བ་རང་ཉིད་ཀྱི་སྐད་གདངས་ཀྱི་འགྲོས་དང་འཚམ་ཐབས་བྱེད་དགོས་ལ། གལ་ཏེ་འགྱུར་ཡིག་རིང་ཐུང་འཚམ་པོ་བྱུང་མེད་ན་ཁ་གདངས་བཙུམས་ཀྱི་ཡུན་ཚད་ལ་བལྟོས་ནས་བཅོས་སྒྲིག་འོས་འཚམ་བྱེད་དགོས། གཉིས་ནས་མི་སྣའི་ཁ་གདངས་བཙུམས་ཀྱི་ཁྱད་ཆོས་ཏེ། མཆུ་ཏོ་ཀྲབ་ཀྲབ་བྱེད་པ་དང་། ལྕེ་སྣར་བ། མཆུ་བཙུམ་པ། ཁ་སྙེར་བ་སོགས་ཀྱི་ཁྱད་ཆོས་རྣམས་ལ་སྟངས་འཛིན་ནན་པོ་བྱེད་དགོས། གསུམ་ནས་མི་སྣའི་ཁ་གདངས་བཙུམས་ཀྱི་གྲིམ་ལྷོད་དང་འཚམ་མཐུན་ཡོང་བ་བྱེད་དགོས། གྲིམ་ལྷོད་ཅེས་པ་ནི་མི་སྣ་དེས་ཁོར་ཡུག་མི་འདྲ་བའི་ཁྲོད་བསམ་པའི་བརྩེ་དུང་མི་འདྲ་བ་མཚོན་སྐབས་སྐད་ཀྱི་སྒྲ་གདངས་དང་དབུགས་འབྱིན་རྔུབ་ལ་བརྟེན་ནས་ངོ་གདོང་གི་ཤ་གནད་གྲིམ་ལྷོད་ལ་འགྱུར་བ་བྱུང་བར་ཟེར། སྒྲ་སྦྱོར་བས་མི་སྣའི་ངོ་གདོང་གི་ཤ་གནད་གྲིམ་ལྷོད་ལ་དོ་སྣང་བྱས་ནས་དེ་རང་ཉིད་ཀྱི་ཚོར་བར་འགྱུར་ཐབས་བྱས་ན། ད་གཟོད་མི་སྣའི་ཁ་གདངས་བཙུམས་དང་འཚམ་མཐུན་ཡོང་བ་མ་ཟད། སྐད་ཀྱི་ཁྱད་ཆོས་ཀྱང་ཇི་མ་ཇི་བཞིན་མཚོན་ཐུབ།

གསུམ་པ། སྒྲ་སྦྱོར་བས་འཁྲབ་གཞུང་གི་བརྗོད་བྱའི་འཕེལ་རིམ་དང་འཚམ་མཐུན་ཡོང་བ་བྱེད་དགོས།

སྒྲ་སྦྱོར་བའི་ངོས་ནས་གླེང་ན། ངེས་པར་དུ་སྒྲ་སྦྱོར་གཞིའི་མི་སྣ་དེ་འཁྲབ་གཞུང་གི་བརྗོད་བྱའི་འཕེལ་རིམ་དང་བསྟུན་ནས་འགྱུར་བ་ཇི་ལྟར་འགྲོ་མིན་ཤེས་པ་བྱེད་དགོས་ཀྱི་ཡོད། དེ་ཡང་མི་སྣ་གང་དེའི་གནས་བབ་དང་། ལོ་ཚད། ཐོབ་ཐང་། གཤིས་ཀ ལས་རིགས། སེམས་ཁམས། དེ་བཞིན་ཁོར་ཡུག་དང་དུས་རབས་སོགས་ལ་འགྱུར་ལྡོག་བྱུང་ཡོད་མེད་སྣང་འཇོག་བྱས་ན། གཞི་ནས་སྐད་ཆའི་ལམ་ནས་མི་སྣ་དེའི་གནས་སྐབས་མི་འདྲ་བའི་སེམས་ཁམས་དང་ཡུལ་དུས་མི་འདྲ་བའི་ཁྱད་ཆོས་མཚོན་ཐུབ། འཁྲབ་གཞུང་གི་མི་སྣ་གང་འདྲ་ཞིག་ཡིན་ནའང་དེའི་སེམས་ཁམས་དང་ལོ་ཚད། ཁོར་ཡུག་སོགས་བརྗོད་བྱའི་འཕེལ་རིམ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་པས། དེ་ནི་འགྱུར་མེད་གཏན་འཇགས་ཤིག་གཏན་ནས་མིན། དེས་ན། ང་ཚོས་འགྱུར་ལྡོག་དེ་དག་ལ་དམ་འཛིན་ཡག་པོ་བྱས་ནས་ངག་གི་འགྱུར་ཁུག་དང་། གྲིམ་ལྷོད། འཇམ་རྩུབ། སྦོམ་ཕྲ། ལྕི་ཡང་སོགས་ལ་བཅོས་སྒྲིག་འོས་འཚམ་བྱས་ཚེ། ཡུལ་དུས་མི་འདྲ་བའི་མི་སྣ་གང་དེའི་འགྱུར་ལྡོག་དང་ཁྱད་པར་ཇི་བཞིན་མཚོན་ཐུབ་པ་མ་ཟད། གཟིགས་མོ་བའི་ཡིད་དབང་འཕྲོག་ཐུབ་པའི་མི་སྣའི་གཟུགས་བརྙན་གསོན་ཉམས་དོད་པོ་ཞིག་གསར་བཞེངས་ཐུབ་ཀྱི་ཡོད།

མདོར་ན། སྒྲ་སྦྱོར་བ་ནི་སྐད་ཆའི་ལམ་ནས་མི་སྣའི་གཟུགས་བརྙན་སྐྲུན་མཁན་ཞིག་ཡིན་སྟབས། སྐད་ཆའི་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་རྨང་གཞིའི་ཐོག འཚོ་བའི་ཉམས་མྱོང་དང་སྒྱུ་རྩལ་གྱི་བྱང་ཚད་ངེས་ཅན་ལྡན་དགོས་ཀྱི་ཡོད། དེར་བརྟེན། ང་ཚོས་ནམ་རྒྱུན་དུ་འཚོ་བ་དངོས་ཀྱི་མི་བཟང་ངན་ཅི་རིགས་ཀྱི་གཤིས་སྤྱོད་དང་སེམས་ཁམས། གཏམ་གླེང་གི་ཁྱད་ཆོས། ཐ་ན་རྣམ་འགྱུར་དང་ཕྱག་རྒྱ་སོགས་ལའང་སྣང་འཇོག་བྱས་ཏེ། དེ་དག་གི་ཐུན་མོང་གི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དབྱེ་བ་མེད་པར་ཁོང་དུ་ཆུད་པར་བྱས་ནས། མྱོང་བ་དེ་དག་རང་གི་སྒྲ་སྦྱོར་གྱི་ལག་ལེན་དང་ཟུང་དུ་འབྲེལ་ཐུབ་པ་ཞིག་བྱུང་ན། ད་གཟོད་མི་སྣའི་གཟུགས་བརྙན་གསོན་ཉམས་ལྡན་པ་ཞིག་བཞེངས་ཐུབ་ངེས་རེད། (བོད་ལྗོངས་སྤྱི་པའི་གློག་བརྙན་ཞབས་ཞུ་ལྟེ་གནས་སྒྲ་སྦྱོར་ཚན་པའི་བསྟན་འཛིན་ལྷུན་གྲུབ)