འདི་ག་ཚགས་པར་ཁང་དུ་ཆུ་ཤུར་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དུ་རི་སྔོན་ཆུ་དྭངས་སྲུང་སྐྱོང་གི་བྱ་སྤྱོད་རབ་དང་རིམ་པ་སྤེལ་བར། ཡུལ་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
ཚ་རགས་ཤང་དཔལ་གླིང་གྲོང་ཚོའི་གྲོང་ཚོ་རིམ་པའི་ཆུ་དཔོན་གྱིས་འབྲེལ་ཡོད་ལས་དོན་པའི་སྣེ་ཁྲིད་དེ་ཁོངས་གཏོགས་ཁུལ་གྱི་ཆུ་བོར་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱས་པ་རེད། སྐོར་ཞིབ་རུ་ཁག་གིས་ཆུ་ལམ་གྱི་གཙང་སྦྲ་དང་། འཛུགས་སྐྲུན་གད་སྙིགས་བཤོ་བ། ཆུའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
ཚ་རགས་ཤང་ས་སྨད་གྲོང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཆུ་ལམ་རྒྱུད་དུ་ཁྲིམས་འགལ་ངང་བྱེ་མ་སྔོག་མཁན་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཤིང་། ཁྲིམས་འགལ་ངང་བྱེ་མ་སྔོག་མང་བའི་ས་ཁོངས་སུ་གཙོ་གནད་ཐོག་ཞིབ་བཤེར་བྱེད་པ་དང་དུས་མཚུངས། མང་ཚོགས་ལ་བསམ་བློ་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ་དང་། མཉམ་འགོག་མཉམ་བཅོས་ཀྱིས་ཁྲིམས་འགལ་ངང་བྱེ་མ་སྔོག་པའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ་མ་ཟད། རྒྱུན་རྣམ་ཅན་གྱི་སྒོ་ནས“ཟང་ཟིང་བཞིར་ཞིབ་བཤེར”བྱེད་པའི་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་བ་རེད།