《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月25日

སྣེ་གདོང་ཆུས་ཀྱིས་སྤུས་ལེགས་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

སློབ་གསོའི་ཞིང་ས་སྣུམ་ཤིག་ཤིག རེ་བའི་མེ་ཏོག་འཛུམ་དམུལ་དམུལ།

ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷོ་ཁ་གྲོང་ཁྱེར་བཅས་ཀྱི་སྲིད་ཇུས་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སློབ་གསོ་འདྲ་མཉམ་དང་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་ལས་འགན་དུ་བརྩིས་ནས། སྤུས་ལེགས་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་རྨང་གཞི་བརྟན་དུ་བཏང་བ།

སློབ་གསོ་ནི་དམངས་འཚོའི་གཞི་རྩ་ཡིན་ཞིང་། སྣེ་གདོང་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་དམངས་འཚོ་འགན་སྲུང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། རིམ་ཁག་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་དང་སློབ་གསོའི་བྱ་གཞག་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་དངོས་པོའི་འགན་ལེན་བྱས་ཡོད།

སྐྱེད་པ་ཤང་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་སློབ་ཁང་ནང་རྣམ་པ་གསར་པའི་རྩིས་རིག་སློབ་ཚན་ཞིག་འཚོག་བཞིན་ཡོད་ཅིང་། རྒན་སྒྲོལ་མ་ལགས་ཀྱིས་བརྒྱུད་ལམ་སྣེ་མང་གི་སྒྲིག་ཆས་སྤྱད་དེ་ལྐོག་འགྱུར་གྱི་དབྱིབས་རིས་ནང་དོན་གསོན་ཉམས་དོད་པའི་འགུལ་རིས་སུ་བསྒྱུར་ཏེ་སློབ་ཁྲིད་བྱེད་བཞིན་ཡོད་པར། ཕྲུ་གུ་ཚོའི་མིག་ཟུང་ནས་ཡ་མཚན་དང་སྤྲོ་སྣང་གི་ཉམས་ཤིག་ཅིག་ཅར་དུ་མངོན་འོང་།

གླེང་རིན་ཡོད་པ་ཞིག་ནི་སྣེ་གདོང་ཆུས་ཀྱི་ས་བབ་མཐོ་བའི་སློབ་གྲྭ་ཡོངས་སུ་དྲོད་རླངས་ཁྲིད་ཡོད་སྟབས། གྲང་ངར་ཆེ་བའི་དགུན་དུས་སུ་ཕྲུ་གུ་ཚོ་དྲོ་སྐྱིད་ལྡན་པའི་སློབ་ཁང་ནང་སེམས་རྣལ་ལ་ཕབ་སྟེ་སློབ་སྦྱོང་བྱེད་བཞིན་ཡོད། གཞན་ཡང་། སྣེ་གདོང་ཆུས་ཀྱིས་ད་དུང་མ་དངུལ་སྒོར་ཁྲི་130བཏང་ནས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་བྱས་པ་རེད། མིག་སྔར་སྣེ་གདོང་ཆུས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཚད་75%ཟིན་པ་དང་སློབ་གཉེར་ཆ་རྐྱེན་བརྟན་པོའི་ངང་ལེགས་སུ་ཕྱིན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བུ་ཕྲུག་གིས་འདྲ་མཉམ་ངང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་བྱེད་པའི་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱུང་ཡོད།

དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ།

དགེ་རྒན་ནི་སློབ་གསོའི་བྱ་གཞག་གི་སྟོབས་ཤུགས་གཙོ་བོ་ཡིན་ཞིང་། སློབ་ཁྲིད་སྤུས་ཚད་ལེགས་སུ་གཏོང་ཆེད་སྣེ་གདོང་ཆུས་ཀྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། དགེ་རྒན་གྱི་གསོ་སྦྱོང་དང་ལས་རེས་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་སློབ་ཁྲིད་ཆུ་ཚད་མཐོ་རུ་ཕྱིན་ཡོད། སྣེ་གདོང་ཆུས་ཏུང་ཧུའེ་སློབ་འབྲིང་དུ་སློབ་ཁྲིད་ཀྱི་བགྲོ་གླེང་བྱེད་སྒོ་ཞིག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་། དགེ་རྒན་རྣམས་མཉམ་དུ་བསྡད་ནས་སློབ་ཁྲིད་ཀྱི་ཐབས་ལམ་དང་ཉམས་མྱོང་དཔྱད་བསྡུར་བྱེད་བཞིན་ཡོད། ཏུང་ཧུའེ་སློབ་འབྲིང་གི་གཞོན་སྐྱེས་དགེ་རྒན་བཀྲ་ཤིས་ལྷ་མོས“བགྲོ་གླེང་བྱེད་སྒོར་ཞུགས་པ་བརྒྱུད་ངས་སློབ་ཁྲིད་ཀྱི་ལྟ་བ་དང་ཐབས་ཤེས་གསར་པ་མང་པོ་ཤེས་བྱུང་། དེས་ངའི་སློབ་ཁྲིད་ལ་ཕན་ཐོགས་ཆེན་པོ་འདུག”ཅེས་བཤད།

2021ལོ་ནས་2023ལོ་བར། སྣེ་གདོང་ཆུས་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང”ལ་ཞུགས་མཁན་དགེ་རྒན་མི་ཐེངས་154ཟིན་པ་དང་། “རང་སྐྱོང་ལྗོངས་ཀྱི་གསོ་སྦྱོང”ལ་ཞུགས་མཁན་མི་ཐེངས་56ཟིན་པ། གྲོང་ཁྱེར་རིམ་པའི་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་63ཟིན་པ། རྫོང(ཆུས)རིམ་པའི་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་63ཟིན་པ། སློབ་གྲྭ་རིམ་པའི་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་131ཟིན་ཡོད། གཞན་ཡང་། སྣེ་གདོང་ཆུས་ཀྱིས་ད་དུང་དགེ་རྒན་གྱི་ལྕག་སྐུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པར། དགེ་རྒན་གྱི་ལས་ཀའི་ཧུར་སེམས་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་གང་ལེགས་ཐུབ་ཡོད།

ཐབས་མང་མཉམ་སྤྱོད་ཀྱིས་སློབ་གསོ་གསར་གཏོད་ལ་སྐུལ་འདེད་བཏང་བ།

སྣེ་གདོང་ཆུས་ཀྱིས“དགེ་སློབ་ལ་ཞབས་འདེགས་ཞུ་བ་དང་། སློབ་ཁྲིད་ལ་ཞབས་འདེགས་ཞུ་བ། ཚན་རིག་ཞིབ་འཇུག་ལ་ཞབས་འདེགས་ཞུ་བ། དོ་དམ་ལ་ཞབས་འདེགས་ཞུ་བ”བཅས་དམིགས་ཡུལ་དུ་བྱེད་པ་དང་། དགེ་སློབ་ཚོས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཞབས་ཞུ་བེད་སྤྱོད་དང་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་གཞི་རྩའི་དོན་ལ་བབས་སར་བརྩིས་ཏེ། སློབ་གྲྭ(སློབ་གླིང)ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱང་ཚད་སློབ་གསོའི་འདུ་ཤེས་ཁྱབ་གདལ་ཧུར་ཐག་བཏང་བ་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་གསོ་སྐྱོང་དང་འཕེལ་རྒྱས་ལ་སྣང་ཆེན་བྱེད་ཀྱི་ཡོད།

སློབ་མའི་སློབ་སྦྱོང་ལ་དོ་ཁུར་བྱེད་པ་དང་ཆབས་ཅིག སྣེ་གདོང་ཆུས་ཀྱིས་ད་དུང་སློབ་མའི་ལུས་སེམས་ཀྱི་བདེ་ཐང་དང་བདེ་འཇགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སློབ་གྲྭས་རང་བཤེར་དང་། མཐོ་སློབ་འགོ་ཁྲིད་ཀྱིས་ལྟ་བཤེར། སློབ་གསོ་ཅུས་ཀྱིས་འཐེན་བཤེར་བཅས་ཕྱོགས་གསུམ་གཞི་གཅིག་གི་བདེ་འཇགས་ཞིབ་བཤེར་དང་སྔོན་འགོག་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རིམ་རྩིས་བརྒྱབ་ན《སློབ་གྲྭའི་བདེ་འཇགས་ཀྱི་ཆེད་དོན་བརྡ་ཐོའི་ཡིག་ཆ》ཁག་15དང《སློབ་གྲྭའི་བརྙས་བཅོས་སྔོན་འགོག་གི་དྲིལ་བསྒྲགས་ལག་དེབ》1500ལྷག་ཙམ་བཟོས་པ་དང་བདེ་འཇགས་ཀྱི་ཆེད་དོན་ཚོགས་འདུ་ཐེངས་20ལྷག་ཙམ་འཚོགས་ཏེ། སློབ་གྲྭའི་བདེ་འཇགས་ལས་དོན་ཞིབ་ཚགས་སྤེལ་བར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་སློབ་གྲྭའི་བརྙས་བཅོས་སྔོན་འགོག་དང་ཆུར་དིམ་པའི་སྔོན་འགོག་སོགས་ཀྱི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་འཕྲལ་སྡོམ་ནང་སྦྱོང་ཐེངས་20ལྷག་ཙམ་བྱས་པར་དགེ་སློབ་5000ལྷག་ཙམ་ཞུགས་ཡོད་པ་རེད།

ཁ་གཏད་བོད་སྐྱོར་བྱས་ནས་ལོ་30སོང་རིང་། ཝུའུ་ཧན་གྲོང་ཁྱེར་གྱིས“བོད་སྐྱོར་བྱེད་པར་སྔོན་ལ་སློབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་གཏོང་བར་སྔོན་ལ་མི་སྣ་གསོ་སྐྱོང་བྱེད་པའི”འདུ་ཤེས་ལག་ལེན་བསྟར་ནས། སྣེ་གདོང་ཆུས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་ཡོད། ལོ་ལྟར་ཕུལ་བྱུང་དགེ་རྒན་སློབ་ཁྲིད་བྱེད་པར་འདེམས་གཏོང་བྱས་པ་དང་། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་ཁྲི་6725ཙམ་བཏང་སྟེ་འཛུགས་སྐྲུན་རྣམ་གྲངས་མང་པོ་ལག་ལེན་བསྟར་བ་དང་སློབ་གྲྭ་དང་བུ་བཅོལ་ཁང་གསར་པ་མང་པོ་ཞིག་བསྐྲུན་ཡོད་པ་རེད། (ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)