འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་ཚན་རྩལ་ཁྲིམས་རས་སི་ཁྲོན་ཞིང་ཆེན་ཀོང་ཡོན་བཙོན་ཁང་དང་ཉེས་དོན་གྱོད་གཞིའི་རྒྱང་ཁྲིད་བཙོན་བཏོན་ཞུ་ལེན་ཐེངས་དང་པོ་ལེགས་གྲུབ་བྱས་ཤིང་། དེ་ཐོག་ནས་ས་ཁུལ་གཉིས་ཀྱི་ཁྲིམས་འཛིན་མཉམ་ལས་ལས་དོན་ཆ་འཕྲིན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ད་ཐེངས་ཀྱི་བཙོན་བཏོན་ཞུ་ལེན་ནི་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་སྤྱད་ནས་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ་ནུས་ཆེ་དང་སྟབས་བདེའི་ཁྲིམས་འཛིན་མཉམ་འགུལ་ཐུབ་ཡོད་པ་རེད།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལག་རྩལ་ཆ་འཕྲིན་ཁྲུའུ་ཡི་མཛུབ་ཁྲིད་ནུས་ལྡན་འོག ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལག་རྩལ་ཆ་འཕྲིན་ཁོའོ་ཡིས་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་རྒྱང་ཁྲིད་བཙོན་བཏོན་ཞུ་ལེན་མ་ལག་ཁྱོན་ཡོངས་ནས་ལེགས་གཏོང་དང་ཚོད་ལྟ་བྱས་ནས། བཙོན་བཏོན་ཞུ་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་བརྡ་རྟགས་བརྟན་པོ་དང་སྒྲ་བརྙན་བརྒྱུད་གཏོང་གསལ་པོ་ཡོད་པའི་འགན་ལེན་བྱས་པ་རེད། ཀོང་ཡོན་བཙོན་ཁང་གིས་གཞོགས་འདེགས་དམ་ཟབ་བྱས་པ་དེས་ཀྱང་བཙོན་བཏོན་ཞུ་ལེན་བདེ་བླག་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།
ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཆ་འཕྲིན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དགྲ་འདུལ་གྱིས། “ཐེངས་འདིའི་བཙོན་བཏོན་ཞུ་ལེན་ལས་ཁྲིམས་འཛིན་གྱི་མ་གནས་ཧ་ཅང་དམའ་རུ་དང་མི་སྣ་སྐོར་སྐྱོད་དང་ལྟ་སྐྱེལ་གྱི་ཉེན་ཁ་ཆུང་དུ་ཕྱིན་པ་མ་ཟད། ད་དུང་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཀྱང་ཡིན། འདི་ནི་སྲོལ་རྒྱུན་གྱི་བཙོན་བཏོན་ཞུ་ལེན་བྱེད་སྟངས་སྒྱུར་བཅོས་བྱེད་པ་ཙམ་མ་ཡིན་པར་ད་དུང་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་ཡང་རྩ་ཆེའི་ཉམས་མྱོང་དང་དཔེ་སྟོན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།