མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་བཅར་འདྲིར་སྐྱོད་སྐབས་ཤང་གྲོང་གཙང་ལ་གྲལ་འགྲིག་པ་དང་སྡོད་མལ་དང་བྱ་གཞག་གསར་གཏོད་ལའང་འཚམ་པོ་ཡོད། ལྷག་དོན་དུ་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བབ་བརླིང་དང་དྲིན་ཚོར་ཡར་བརྩོན་གྱི་སྙིང་སྟོབས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།
གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་ཡིན་ནའང་འདྲ། ཡང་ན་གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་བྱེད་པ་ཡིན་ནའང་འདྲ། གཙོ་བོ་ཐོན་ལས་ལ་བརྟེན་དགོས། རྒྱ་མ་ཤང་གིས་འགྲིམ་འགྲུལ་སྟབས་བདེ་དང་། རིག་གནས་ཐོན་ཁུངས། ཐོན་ཁུངས་ཀྱི་ཁྱད་འཕགས་སོགས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་འཕེལ་རྒྱས་བཏང་བས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།
རྒྱ་ཆེའི་ཞིང་པ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་པོ་ཡིན་པས་ཞིང་པ་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་གྱི་བསམ་པ། གསར་གཏོད་བྱེད་སེམས་བཅས་འཕེལ་བར་བྱས་ནས་ཁོང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས། སློང་མདའ་གྲོང་ཚོའི་བཅོ་ལྔ་ལྟ་བུར་མཚོན་ན་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བཞིན་ཡོད།