《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

གཞིས་རྩེར་ཞིམ་ཟས་འཚོལ་བ།

འདི་ནི་ཐད་གཏོང་བྱ་ཡུལ་དུ་རི་མོར་བལྟས་ནས་ཞིམ་ཟས་ངོས་འཛིན་བྱེད་བཞིན་པ།

ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི“རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད་—འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”སྨྱན་སྦྱོར་མཉམ་འདྲེས་བྱེད་སྒོ་ཆེ་གྲས་གཞིས་རྩེའི་ས་ཚིགས་ཀྱི་ཐད་གཏོང་ཐེངས་དང་པོ་བསམ་གྲུབ་རྩེ་ཆུས་སུ་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་བ་རེད།

ཐད་གཏོང་ཁྲོད“གཞིས་རྩེའི་ཞིམ་ཟས་ཀྱི་གཱ་ཐོ་འགོད་པའི”ལྷུ་ཚིགས་ལ་དོ་ཁུར་ཆེན་པོ་ཐོབ་ཅིང་། གཙོ་སྐྱོང་བ་དང་། ཞིམ་ཟས་འོས་སྦྱོར་མཁན། སྐུ་མགྲོན་བཅས་དབར་གྱི་སྤེལ་རེས་ཁྲོད། གམ་པའི་ལུག་ཤ་སྲེག་མ་དང་། ཟྭ་ཐུག གྲོ་མ་འབྲས་སིལ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཤ་རྗེན་སྤགས་ཀོང་སོགས་བོད་ཀྱི་ཁྱད་ལྡན་ཞིམ་ཟས་རེ་རེ་བཞིན་འགྲེམས་སྟེགས་ཐོག་བཏོན་པས་དྲ་གྲོགས་ཚོས་དངོས་གནས“ཡིད་ཚིམ་པ་ཞིག་འདུག”ཅེས་བཤད།

“ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལས་སྟེགས་བརྒྱུད་རྒྱལ་ཁབ་ཕྱི་ནང་ལ་བོད་ཀྱི་ཞིམ་ཟས་དག་ངོམ་སྟོན་བྱེད་པ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད” ཚང་མས་བོད་ཀྱི་ཞིམ་ཟས་ལ་དོ་ཁུར་དང་དགའ་པོ་བྱེད་པ་མཐོང་སྐབས་མ་བྱན་འཇིགས་མེད་དབང་ཕྱུག་གིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

“ཐད་གཏོང་ཁྲོད་འོས་སྦྱོར་བྱས་པའི་ཚལ་སྣ་ཕུད། གཞིས་རྩེར་ད་དུང་ཞིམ་ཟས་མང་པོ་ཡོད” སྔོན་ཆད། བཟའ་བཅའི་རྒྱུ་ཆ་དཀོན་རྐྱེན་ཚལ་སྣ་མང་པོ་མེད། ཡིན་ན་ཡང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ལྷག་པར་དུ་ད་ཆ་རྫོང་ཁག་ལ་སོ་སོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཡོད་པས་བོད་ཟས་ཀྱི་ཚལ་སྣ་ཧ་ཅང་མང་དུ་ཕྱིན་ཡོད་ཅེས་འཇིགས་མེད་དབང་ཕྱུག་གིས་གསར་འགོད་པར་བཤད།

བཟའ་བཏུང་ལས་རིགས་གཉེར་ནས་ལོ་30ལྷག་ཙམ་སོང་རིང་། འཇིགས་མེད་དབང་ཕྱུག་གིས་ཀོང་ཏུང་གི་ཚལ་དང་སི་ཁྲོན་གྱི་ཚལ་སོགས་ཚལ་རིགས་མང་པོའི་བཟོ་སྟངས་སློབ་སྦྱོང་བྱས་མྱོང་ཡོད། “གཡོས་སྦྱོར་བྱེད་རིང་ངས་བོད་ཟས་ཀྱི་ཁྱད་ཆོས་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་གཡོས་སྦྱོར་གྱི་ཉམས་མྱོང་དང་ལག་རྩལ་མང་པོ་བསྡུ་ལེན་བྱས་ཡོད”“དཔེར་ན་གམ་པའི་ལུག་རྐང་བསྲེགས་མ་ལྟ་བུ་ནི་ངས་སྲོལ་རྒྱུན་བཟོ་སྟངས་ཀྱི་རྨང་གཞིའི་ཐོག་བསྙལ་བའི་བརྒྱུད་རིམ་མང་དུ་བཏང་བ་དང་སྨན་སྣ་སྡེབ་སྦྱོར་བྱེད་སྟངས་ཀྱང་ལེགས་སྒྲིག་བྱས་པས་བོད་ཀྱི་ཁྱད་ཆོས་ལྡན་ལ་སྤྱི་བྱིངས་ཀྱི་བྲོ་བ་དང་ཡང་འཚམ་པས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱི་དགའ་བསུ་ཐོབ་ཡོད”ཅེས་འཇིགས་མེད་དབང་ཕྱུག་གིས་བཤད།

བཟའ་བཏུང་ཞབས་ཞུ་མ་ཡེ་ཤེས་ཀྱིས“ང་ཚོའི་ཟ་ཁང་ནང་དུ་རྟག་པར་མི་རིགས་མི་འདྲ་བ་དང་ས་ཆ་མི་འདྲ་བའི་མི་རྣམས་ཁྱིམ་ཚང་གཅིག་ལྟར་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་ཟ་མཉམ་འཐུང་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད”ཅེས་བཤད།

གསོལ་ཅོག་ཐོག་བོད་ཀྱི་ཞིམ་ཟས་སྣ་ཚོགས་བཤམས་པ་ལས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག་ནས་དང་། སྔོ་ཚལ། ནོར་གནག ལུག བཞོན་མ། གཟན་རྩྭ་བཅས་གཙོ་བོར་བྱས་པའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་ཞིང་ལས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“ཡིད་འོང་གཞིས་ཀ”གཏོད་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག “གམ་པའི་ལུག”དང་། “གྲོ་མོའི་ཉ”“གཞིས་རྩེའི་ནས་ཆང”སོགས་སྤུས་རྟགས་གྲགས་ཅན་དྲིལ་བསྒྲགས་སྲུང་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་སྐྱེ་ལྡན་ཁས་ལེན་དཔང་འདོན་དཔེ་སྟོན་ཁུལ་ཧུར་ཐག་བཏོད་དེ་ཁྱོན་ལྗང་མདོག་ཐོན་རྫས་36དང་། སྐྱེ་ལྡན་ཐོན་རྫས་45 ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་23བཅས་ཁས་ལེན་དཔང་འདོན་ཐུབ་པས“ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་དང་། ཐོན་རྫས་སྤུས་རྟགས། ཁེ་ལས་ཀྱི་རང་རྟེན་སྤུས་རྟགས”བཅས་ཟུང་དུ་འབྲེལ་བའི་སྤུས་རྟགས་མ་ལག་རགས་ཙམ་བསྐྲུན་ནས། ཁྱད་ལྡན་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད་ད་དུང་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་ཐུབ་ཡོད་པ་རེད།

(དམ་ཆོས་མི་ཕམ་དང་ལྷག་ཚེས་སྒྱུར་ཞུས་བྱས)