《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

ཟླ་དང་པོ་ནས་བརྒྱད་པའི་བར་ལེགས་རྩེ་དང་། འགྲམ། སྐྱིད་གྲོང་བཅས་འགག་སྒོ་གསུམ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་47.61ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ལེགས་རྩེ་དང་། འགྲམ། སྐྱིད་གྲོང་བཅས་འགག་སྒོ་གསུམ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་47.61ཙམ་ཟིན་ཡོད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལེགས་རྩེ་འགག་སྒོས་དེའི་རིང་ཕྱིར་གཏོང་དངོས་ཟོག་ཁྱོན་ཏུན་101ལ་ལྟ་འདོམས་བྱས་ཤིང་ཕྱིར་གཏོང་དངོས་ཟོག་གི་རིན་ཐང་སྒོར་ཁྲི་456ཟིན་ཡོད་པ་དང་། འགྲམ་འགག་སྒོས་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཏུན་ཁྲི་7.33ལ་ལྟ་འདོམས་བྱས་པ་དེ་དུས་མཚུངས་ལས་63.8%འཕར་ཡོད། དེ་དག་ཁྲོད་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་7.23དང་ནང་འདྲེན་བྱེད་ཚད་ཏུན་980ཟིན་ནས། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་22.46ཟིན་པ་དེ་དུས་མཚུངས་ལས་ལྡབ་1.68འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་22.2དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.26ཟིན་ཡོད། སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཏུན་ཁྲི་6.65ཟིན་པ་དེ་དུས་མཚུངས་ལས་78.30%འཕར་བ་དང་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་25.10ཟིན་པ་དེ་དུས་མཚུངས་ལས་49.80%འཕར་ཡོད། འགག་སྒོ་གསུམ་པོས་ཁྱོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་13.99ཙམ་ཟིན་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོའི་ཐད་འགག་སྒོ་གསུམ་པོར་སོ་སོའི་ཁྱད་ཆོས་ཡོད།

ལེགས་རྩེ་འགག་སྒོའི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་ནི་ཚྭ་དང་། ལུག རྩམ་པ། མར་སོགས་དང་དེ་བཞིན་རྒྱུན་མཁོའི་ཚོང་ཟོག་རིགས་ཡིན་པ་རེད།

འགྲམ་འགག་སྒོའི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་ནི་འཁལ་འཐག་ཐོན་རྫས་ཡིན་ཞིང་། འཁལ་འཐག་ཐོན་རྫས་ཀྱི་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་9.52ཟིན་པ་དེ་དུས་མཚུངས་ལས་245.9%འཕར་ནས་ཕྱིར་གཏོང་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་42.7%བཟུང་ཡོད་པ་མ་ཟད་ཚོང་ཟོག་སྣ་ཁ་ཡང་44.2%འཕར་ཏེ། འགྲམ་འགག་སྒོ་དེ་ཉིད་ལྗོངས་ཡོངས་ཀྱི་འཁལ་འཐག་ཐོན་རྫས་ཕྱིར་གཏོང་བྱེད་སའི་འགག་སྒོ་གལ་ཆེ་ཤོས་སུ་གྱུར་ཡོད། གཞན་ཡང་། འགྲམ་འགག་སྒོར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་ནས་ནུས་རྒྱུ་གསར་པའི་རླངས་འཁོར་2443དངོས་སུ་ལྟ་འདོམས་ཕྱིར་གཏོང་བྱས་ནས་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་3.74ཟིན་པ་དེ་དུས་མཚུངས་ལས་ལྡབ་22.8འཕར་ཡོད་པ་རེད། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཀྱང་བརྟན་པོའི་ངང་འཕར་ནས་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་2.83ཟིན་པ་དེ་དུས་མཚུངས་ལས་24.1%འཕར་ཡོད། གླེང་རིན་ཡོད་པ་ཞིག་ལ་འགྲམ་འགག་སྒོས་ད་དུང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱི་རྒྱལ་མཛོད་ཞིབ་བཤེར་གློད་གཏོང་བྱེད་ཐེངས་དང་པོ་ཡང་ལེགས་སྒྲུབ་བྱས་པ་རེད།

སྐྱིད་གྲོང་འགག་སྒོའི་ཐད། མཐའ་མིའི་ཚོང་འབྲེལ་ཁྲོམ་རའི་ཉོ་ཚོང་རིན་ཐང་སྒོར་ཁྲི་2978.28ཟིན་པ་དེ་དུས་མཚུངས་ལས་48.9%ལྷག་ཙམ་འཕར་ཡོད་པ་དང་། ཕྱིར་གཏོང་ཚོང་ཟོག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་དང་འཕྲུལ་ཆས་ཆེ་གྲས་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་4186དང་ཉོ་ཚོང་རིན་ཐང་སྒོར་དུང་ཕྱུར་5.31ཟིན་པ་དེ་དུས་མཚུངས་ལས་ལྡབ་1.41དང་ལྡབ་1.02སོ་སོར་འཕར་ནས་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ལས་སྒོའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)