《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月22日

གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་བགྲེས་སོང་བློ་བཟང་ལྷ་མོས་བརྗོད་དོན།

“ཏང་གི་སྲིད་ཇུས་ཡག་པོ་ཡོད་པས་ངེད་ཚོར་ནམ་ཡང་བདེ་སྐྱིད་ཡོང་ངེས་རེད”

“ད་ཆ་འཚོ་བ་བདེ་སྐྱིད་ལྡན་པ་དང་ན་དུས་གཡོག་རྒྱུག་མཁན་ཡོད་ལ་སློབ་གྲྭར་འགྲོ་བར་སློབ་ཡོན་མི་དགོས་པ་དང་ས་ཞིང་འདེབས་པར་ཁ་གསབ་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་ཕུད་སྒང་ཤང་གླང་པ་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ལོ་80ལ་སླེབས་པའི་ཨ་མ་རྒད་མོ་བློ་བཟང་ལྷ་མོས་གསར་འགོད་པར་དེ་ལྟར་བཤད་པ་དང་། ཁོང་གི་སྐད་ཆ་ལས་དེང་དུས་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཚོར་ལུགས་ཟབ་མོ་མཚོན་གྱི་འདུག

བློ་བཟང་ལྷ་མོ་གནས་སའི་གྲོང་ཚོ་ནི་གླང་མཐོང་གཞིས་ཀ་གནས་ཡུལ་ཡིན་པ་དང་ཁོང་ཆུང་དུས་ཞིང་བྲན་ཞིག་རེད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་བློ་བཟང་ལྷ་མོར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་བློ་བཟང་ལྷ་མོའི་ནང་མི་རྣམས་ཐོག་སོ་གསུམ་ལྡན་གྱི་བོད་བཟོའི་ཁང་པར་སྡོད་པ་དང་སྒོ་རའི་ནང་འཇིབ་ཆུང་དང་སྐྱེལ་འདྲེན་འཕྲུལ་འཁོར་ཡོད་ལ་ཁང་པར་གནའ་ཉམས་དོད་པའི་མཛེས་བཟོ་བྱས་པ། སྒེའུ་ཁུང་ཆེ་ལ་དཀར་ཆ་དོད་པ། གོས་འཁྲུད་འཕྲུལ་འཁོར་དང་། འཁྱགས་སྒམ། ཝེ་པོ་ཚ་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་གང་དགོས་འཛོམས་ཡོད། “ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་འདུག”ཅེས་བློ་བཟང་ལྷ་མོས་བཤད་པ་དང་ཁོང་གིས“འཚོ་བ་ཡག་པོ་འདི་ལྟ་བུ་ནམ་ཡང་སྐྱེལ་རྒྱུ་ཡོང་བའི་རེ་བ་བྱེད་བཞིན་ཡོད”ཅེས་བཤད།

“གླང་མཐོང་གཞིས་ཀ་གསར་སྤེལ་བྱས་སྟབས་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་ང་ཚོས་ད་དུང་ཁོང་ཁྱིམ་གྱིས་དམངས་སྲོལ་གནས་ཚང་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་ཡིན”ཞེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཟླ་བ་རྣམ་རྒྱལ་གྱིས་བཤད།

གླང་པ་གྲོང་ཚོ་ནི་རྒྱལ་ལམ་562གྱི་འགྲམ་དུ་གནས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཞིང་། བོད་དུ་སྲུང་སྐྱོང་ཆ་ཚང་ཤོས་ཀྱི་སྐུ་དྲག་གི་གཞིས་ཀའི་གྲས—གླང་མཐོང་གཞིས་ཀ་ཡོད་པ་མ་ཟད་ད་དུང་ལོ་རྒྱུས་ཡུན་རིང་ལྡན་པའི་གླང་པའི་གཞས་ཆེན་དང་བྲག་བརྐོས་རྡོ་བརྐོས་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱང་ཡོད་པ་རེད།

ཉེ་བའི་ལོ་གཉིས་རིང་གླང་པ་གྲོང་ཚོས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་ཤུཌ་ཆེན་བཏང་ནས་གྲོང་གསེབ་ཀྱི་སོས་དལ་ཡུལ་སྐོར་སྤུས་རྟགས་ཀྱི་འདུ་འགོད་ལག་བསྟར་བྱས་པ་དང་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཞིང་ལས་ཉམས་ལེན་དང་། གཉེན་སྟོན། གཞིས་ཀའི་ལྟ་སྐོར། སོས་དལ་དམངས་སྲོལ་གནས་ཚང་། བཟའ་བཏུང་ཞབས་ཞུ་བཅས་གཞི་གཅིག་ཏུ་བསྡུས་པའི“ཆུང་ལ་མཛེས་པའི”གྲོང་གསེབ་དར་རྒྱས་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་པ་རེད། གླང་པ་གྲོང་ཚོར་ད་དུང་རྡོ་ཆས་བཟོ་གྲྭ་ཡོད་པ་དང་དེ་ནས་ཐོན་པའི་རྡོ་གཡམ་གྱི་ཚོས་མདོག་དམར་སེར་ཡིན་སྟབས་ཡུལ་དེའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “ན་ནིང་རྡོ་ཆས་བཟོ་གྲྭའི་ཁེ་སྤོགས་དང་གླང་མཐོང་གཞིས་ཀའི་སྒོ་འཛིན་གྱི་བགོ་འགྲེམས་ཁོ་ན་སྒོར་ཁྲི་60ལྷག་ཙམ་ཟིན་ཡོད”ཅེས་གླང་པ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕུར་བུ་རྡོ་རྗེས་བཤད་པ་དང་ཁོང་གིས“དེ་དག་ཚང་མ་གྲོང་གསེབ་དར་རྒྱས་རྣམ་གྲངས་ལ་སྐུལ་འདེད་བཏང་བ་ལས་བྱུང་བ་རེད”ཅེས་བཤད།

(སྒྱུར་ཞུས་པ་བསོད་ནམས་བདེ་སྐྱིད་ཆེ་བ)