《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月18日

སློབ་གསོ་པུའི་མི་རིགས་སློབ་གསོ་འཕེལ་རྒྱས་ལྟེ་གནས་ཀྱིས།

ཆབ་མདོར་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་བཞི་བཅུ་སོང་བའི་གྲུབ་འབྲས་ ལ་བརྟག་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་གནས་ཚུལ་སྔར་བས་ཤེས་རྟོགས་དང་། སློབ་གཉེར་གྲུབ་འབྲས་ལ་རྩད་གཅོད་ཞིབ་དཔྱད་དང་དབྱེ་ཞིབ་བྱེད་པ། སློབ་གཉེར་ཉམས་མྱོང་ལ་ཕྱོགས་སྡོམ་བཅས་བྱ་ཆེད། ཉེ་ཆར། སློབ་གསོ་པུའི་མི་རིགས་སློབ་གསོ་འཕེལ་རྒྱས་ལྟེ་གནས་སྲིད་ཇུས་ཞིབ་འཇུག་ཁྲུའི་ཁྲུའུ་ཀྲང་གཞོན་པ་མཱ་ཅ་ཡིས་རུ་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་བཞི་བཅུ་སོང་བའི་གྲུབ་འབྲས་ལ་བརྟག་ཞིབ་བྱས་པ་རེད།

བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་བཞི་བཅུ་སོང་བའི་གྲུབ་འབྲས་སྐོར་གྱི་ལས་བྱེད་ལས་བཟོའི་བཞུགས་མོལ་ཚོགས་འདུའི་ཐོག བརྟག་ཞིབ་ཚོགས་ཆུང་གིས་ཁ་རུབ་ཆུས་ཀྱི་སློབ་གསོའི་ལས་དོན་དང་བོད་ལྗོངས་འཛིན་གྲྭ་བཙུགས་པའི་གཞི་རྩའི་གནས་ཚུལ་ལ་ཉན་པ་དང་། ཚོགས་ཞུགས་ཚན་པ་དང་བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མའི་འཐུས་མིས་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་བཞི་བཅུ་སོང་བའི་རིང་ཐོབ་པའི་གྲུབ་འབྲས་དང་། བོད་ལྗོངས་འཛིན་གྲྭའི་སློབ་ཐོན་སློབ་མ་སློབ་གྲྭར་སྡོད་རིང་གི་སློབ་སྦྱོང་དང་འཚོ་བའི་སྐོར་དང་ལས་གནས་ཐོག་ནུས་ཤུགས་འདོན་སྤེལ་བྱེད་པ་སོགས་ཀྱི་སྐོར་སྤེལ་རེས་དང་གཏམ་བཤད་བྱས་པ་མ་ཟད། བོད་ལྗོངས་འཛིན་གྲྭ་དེ་བས་ལེགས་པོས་གཉེར་བར་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ད་དུང་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་སྟག་བ་གྲོང་ཚོ་སོགས་བོད་ལྗོངས་འཛིན་གྲྭའི་སློབ་མ་3གྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་དེ། བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ལས་དོན་ཐད་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་འཆར་དང་ལྟ་ཚུལ་སྔར་བས་ཤེས་རྟོགས་བྱས་པ་དང་། སློབ་གྲྭར་ཡོད་པའི་སློབ་ཕྲུག་གི་སློབ་སྦྱོང་དང་འཚོ་བའི་སྐོར་ཤེས་རྟོགས་བྱས་ནས། སློབ་ཕྲུག་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་རང་ཉིད་རྒྱལ་ཁབ་འཛུགས་སྐྲུན་དང་ཕ་ཡུལ་འཛུགས་སྐྲུན་ལ་ཕན་ཐོགས་པའི་མི་ཞིག་ཆགས་པའི་འབད་བརྩོན་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་གཞོན་ནུའི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་བྱས་པ་རེད།

(ཟླ་ཕུར་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)