《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月18日

བསོད་ནམས་ཉི་མས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་ལ་མཇལ་འཕྲད་གནང་སྐབས་བཅས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་ཕུལ་བ་རེད།

བསོད་ནམས་ཉི་མས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིམ་ཁག་སྡེ་ཚན་ཁག་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་གཏིང་ཟབ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་དུས་རབས་གསར་པར་རང་ལྗོངས་ཀྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་སྐྲུན་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་བཙུགས་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། “ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་སྤུས་རྟགས་ཡག་པོ་བཏོད་དེ། མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང“ཐུན་མོང་བཞི”དང“མཉམ་མྱོང་བཞིའི”འདུ་ཤེས་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ནས། མི་རིགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

(ལྷག་ཚེས་བསྒྱུར། དམ་ཆོས་ཀྱིས་ཞུས)