ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་མོང་རྒྱལ་ཁབ་གཉིས་པོ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པ་དང་མོང་གོལ་རྒྱལ་ཁབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75ཡི་རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས་ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་བས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ངས་ཀྲུང་མོང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྲིད་སྟོན་དུ་བྱས་ནས། ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཧུའུ་རི་ལེ་སུའུ་ཧོ་ཡིས་གསུངས་དོན། མོང་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་ཕྱོགས་གཉིས་པོས་མཛའ་གྲོགས་བརྟན་པོའི་ངང་འཕེལ་རྒྱས་དང་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ“རྩྭ་ཐང་ལམ་བུའི”འཕེལ་རྒྱས་ཀྱི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་གིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད། ལི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། རྒྱལ་ཁབ་གཉིས་པོས་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་མཉམ་ལས་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨའོ་ཡུན་ཨེར་ཏེང་གིས་མོང་ཀྲུང་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འོད་ཟེར་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
(ལྷག་ཚེས་བསྒྱུར། དམ་ཆོས་ཀྱིས་ཞུས)