《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月17日

བུད་མེད་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ་རིགས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས།

—— ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཟླ་བ་སྒྲོལ་མར་བཅར་འདྲི་བྱས་པ།

སྲིད་གྲོས་ཨུ་ཡོན་ནི་སྲིད་གྲོས་ལས་དོན་གྱི་བྱེད་པོ་ཡིན། ལོ་65ཡི་རིང་རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་། དམངས་འཚོར་བརྩེ་བ་ཟབ་མོ་འཆང་བ། དམངས་ཀྱི་འདོད་བློ་དང་བསྟུན་པ་བཅས་བྱས་ནས་འགན་འཁྲི་སྒྲུབ་པའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད། ཉེ་ཆར། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་འགན་སྒྲུབ་མྱོང་ཚོར་སོགས་ཀྱི་ནང་དོན་ལ་དམིགས་ནས། གསར་འགོད་པས་ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ཚོགས་པའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཟླ་བ་སྒྲོལ་མར་ཆེད་དོན་བཅར་འདྲི་བྱས་པ་རེད།

ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཟླ་བ་སྒྲོལ་མས་འགན་འཁྲི་སྒྲུབ་པའི་ལས་དོན་དང་ཟུང་འབྲེལ་བྱས་ནས“ང་ཚོས་བུད་མེད་མཉམ་འབྲེལ་ཚོགས་པའི་རིགས་ཁོངས་ཁག་གི་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆར་གཞིགས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་དང་བུད་མེད་ཀྱི་སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུགས་སར་བྱས་ནས་ཁོང་ཚོ‘དོན་ཆེན་བཞི’ལ་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱེད་པ་དང‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞི’ལ་སྐུལ་འདེད་གཏོང་བའི་ཁྲོད‘གནམ་ཕྱེད་ཀ་འདེགས་པའི’ནུས་པ་འདོན་སྤེལ་ཐུབ་པ་བྱེད་ཀྱི་ཡོད”ཅེས་བརྗོད།

ཟླ་བ་སྒྲོལ་མས“རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ཀྱི་རིམ་ཁག་སྲིད་གྲོས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། འགན་འཁྲི་གསར་པ་དང་། བྱ་གཞག་གསར་པ། གྲུབ་འབྲས་གསར་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་སྤུས་འབྲས་ལེགས་གཉེར་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད” ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་བུད་མེད་མཉམ་འབྲེལ་ཚོགས་པའི་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“ཏང་གིས་འབོད་སྐུལ་གནང་བར་མང་ཚོགས་ཚོགས་པས་བྱ་སྤྱོད་སྤེལ་བའི”བླང་བྱ་གཞིར་བཟུང་། ནག་ཆུའི་འབད་འཐབ་དམིགས་ཚད་དང་འཐབ་ཇུས་ལས་འགན་མངོན་འགྱུར་བྱ་རྒྱུར་དམ་པོར་དམིགས་ནས། བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་ཁག་གི་བུད་མེད་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དང་ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་བ། “ས་བབ་ལ་འགྱུར་ལྡོག་གཏོང་ཐབས་མེད་ཀྱང་འབད་འབུངས་བློ་དཀར་བྱེད་པ་དང་། གསོ་རླུང་མི་འདང་བར་འགྱུར་ལྡོག་གཏོང་ཐབས་མེད་ཀྱང་སྙིང་སྟོབས་ལ་བཞུན་བརྡར་སྤྲོས་པ། རླུང་གནོན་ལ་འགྱུར་ལྡོག་གཏོང་ཐབས་མེད་ཀྱང་གཟི་བརྗིད་བརྩོན་ལེན་བྱེད་པ། དཀའ་ཚེགས་ལ་འགྱུར་ལྡོག་གཏོང་ཐབས་མེད་ཀྱང་ལ་རྒྱ་བརྩོན་ལེན་བྱེད་པ”བཅས་ཀྱི་ཆོད་སེམས་དང་སྙིང་སྟོབས་ཀྱི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་སྲོག་རྩར་དམ་པོར་དམིགས་ཏེ། རང་འགུལ་ངང་རང་འགན་གཙང་སྒྲུབ་ཀྱིས་རིགས་ཁོངས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་ཡག་པོ་དང་། གཅིག་སྒྲིལ་ཡག་པོ། ཞབས་ཞུ་ཡག་པོ་བཅས་བྱས་ནས་རྒྱ་ཆེའི་བུད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་སྐྲུན་རིང་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་སྐྱེས་སུ་འབུལ་བར་ཁྲིད་སྟོན་བྱེད་བཞིན་ཡོད་ཅེས་བརྗོད།

མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་ཀྱི་བསམ་བློའི་སྐོར་གླེང་སྐབས་ཟླ་བ་སྒྲོལ་མས། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་མི་དམངས་སྲིད་གྲོས་ལ་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བའི་ཁྲོད་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད་ལ། འགན་འཁྲི་དང་ལས་འགན་གལ་ཆེན་ཡང་འཁུར་བཞིན་ཡོད། ནག་ཆུ་གྲོང་ཁྱེར་སྲིད་གྲོས་བུད་མེད་མཉམ་འབྲེལ་ཚོགས་པའི་རིགས་ཁོངས་ཀྱིས་བུད་མེད་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ནས་བུད་མེད་མཉམ་འབྲེལ་ཚོགས་པའི་ངེས་གནས་ཡང་དག་འཚོལ་བ་དང་། ལེགས་ཆ་འདོན་སྤེལ་བྱེད་པ། རང་འགུལ་ངང་ལས་དོན་སྤེལ་བ་བཅས་བྱས་ཏེ“མཉམ་འབྲེལ”ནང་གི“བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་དང་། དམངས་འཚོར་ཞབས་འདེགས་ཞུ་བ། ཁྱིམ་ཚང་ཚང་མ་བདེ་སྐྱིད་ཁམས་བཟང་། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་། གཞི་རིམ་གྱི་རྨང་གཞི”བཅས་ཀྱི་འདུ་འགོད་ཆེན་པོ་ལྔ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དང་ཕན་ཚུན་མཉམ་འདྲེས་བྱས་ཏེ། ཚང་མས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་དང་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་བརྗོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)