འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་གཏིང་ཟབ་དང་། ནང་སེམས་ལ་འཇགས་པ། གཞན་སྒྱུར་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འཐབ་ཇུས་བཀོད་སྒྲིག་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནང་སེམས་སུ་ཟུག་པར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཨུད(ཏང་ཙུའུ)ཀྱི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཇི་མ་ཇི་བཞིན་སྦྱོང་བ་དང་། བརྒྱུད་རིམ་ལྡན་པའི་སློབ་སྦྱོང་གཏིང་ཟབ་བྱེད་པ། གོ་དོན་མཐིལ་རྟོགས་ངང་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་ཧུར་ཐག་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ། ལག་ལེན་གྱི་བླང་བྱ་གནད་ལ་འཁེལ་པོ་ཡོང་བ་བཅས་བྱས་ཡོད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ལ་བརྩིས་ནས་སྟོན་དུས་ཀྱི་སློབ་དུས་སུ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་15བཙུགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཙོ་གནད་རེས་སྐོར་གསོ་སྦྱོང་དང་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བཀོད་སྒྲིག་བྱས་ཡོད།
དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་དང་ཏན་ཏིག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཅིག་སྡུད་སྒྲོག་འགྲེལ་ཇུས་གཞི་བཟོས་ནས་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་། ཏང་གི་སློབ་གྲྭ ཚན་ཞིབ་ཁང་དང་སུའོ་བཅས་ནས་འགོ་ཁྲིད་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་57སྐོང་འཐེན་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་དུས་ཡུན་ཟླ་བ་གཅིག་སྤྱད་དེ་ལྗོངས་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཅིག་སྡུད་སྒྲོག་འགྲེལ་ལས་དོན་སྤེལ་བ་རེད། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་སོགས་གྲོང་ཁྱེར་དང་ས་གནས་ཀྱིས་སྒྲོག་འགྲེལ་ལས་དོན་གྱི་ཇུས་གཞི་དང་སྒྲོག་འགྲེལ་གནད་བསྡུས་བཟོས་ཏེ་བཀྲམ་པ་དང་། སྒྲོག་འགྲེལ་ཚོགས་ཆུང་བཙུགས་པ། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། སྡེ་ཁུལ་གྱི་ཚོང་དུད་དང་། མཐའ་མཚམས་ཀྱི་འབྲོག་ར། མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གཅིག་སྡུད་སྒྲོག་འགྲེལ་བྱས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཚང་མས་ཤེས་པར་བྱས་པ་རེད།
འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཐུབ་པར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ལྷ་ས་དང་། ཉིང་ཁྲི། ཆབ་མདོ་སོགས་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ས་ཁུལ་དེ་གར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བོད་ཀྱི་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ལ་དམ་པོར་དམིགས་ནས་ཚོང་དོན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་གྱི་གསལ་ཐོ་དང་ལས་ཀའི་གསལ་ཐོ་བཟོས་ཏེ་འཛད་སྤྱོད་དང་། ཚོང་དོན་འཁོར་རྒྱུག ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས། ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་ཐད་ནས་སྒྱུར་བཅོས་ཀྱི་བྱ་ཐབས་ཞིབ་ཚགས་སུ་བཏང་ཡོད།
(བསོད་བདེ་ཆེ་བས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)